སྙན་ངག་པ་མོག་ཟླའི«ནམ་མཁའི་རྩྭ་ཐང»ཞེས་པའི་སྙན་དེབ་པར་སྐྲུན་བྱས།

2022-09-21
368
 ཉེ་ལམ། སྙན་ངག་པ་མོག་ཟླའི་སྙན་དེབ«ནམ་མཁའི་རྩྭ་ཐང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། 
        «ནམ་མཁའི་རྩྭ་ཐང»ནི་སྙན་ངག་པ་མོག་ཟླའི་སྙན་དེབ་ཐོག་མ་ཡིན་ལ། སྙན་དེབ་འདིར“གངས་ཐིགས་ཀྱི་གསང་བ”དང་། “སྟོང་འཇགས་ཀྱི་རྩྭ་ཐང” “ལན་ཚར་གྱི་གསང་བ” “སྐྱས་ལམ་གྱི་བར་ཞག” “སྤང་རྩིའི་ནེམ་ཤ” “སྣང་བའི་རབ་ཁ” “རི་རྒན་གྱི་གྲིབ་སོ” “ངག་གི་ཁུ་ཞག”བཅས་ཚན་པ་བརྒྱད་དང་། སྙན་ངག་འདི་དག་ཀློག་སྤྲོ་ཡོང་བ་དང་ཆེད་དམིགས་སྙན་ངག་བརྩམས་གྲུབ་གནང་བའི་རྒྱུ་རྐྱེན་དང་། རྒྱབ་ལྗོངས་སོགས་ལ་ངེས་ཤེས་འདྲོང་བར་གཞིགས་ཏེ། བྱེ་བྲག་ཏུ“ཟུར་བཀོད”བཅར་འདྲིའི་གཏམ་གླེང་གི་སྐོར་ཡང་ལྷན་ཐབས་སུ་བཀོད་ཡོད། གཞན་སྙན་ངག་པ་ཁོ་རང་སྙན་ངག་གསར་རྩོམ་གྱི་བྱ་བར་ཞུགས་ཚུན་ནས་བྲིས་པའི་སྙན་ངག་སུམ་བརྒྱར་ཉེ་བ་ལས། སྙན་ངག་རྩེ་གྲ་བརྒྱ་གྲངས་མ་ལོངས་ཙམ་ཞིག་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་ཅིག་ཡིན། དེ་ལས་སྙན་ངག་ཕལ་མོ་ཆེ་ནི་དེ་སྔ་དུས་དེབ་དང་ཚགས་པར་སྟེང་བཀོད་ཟིན་པ་དག་གཙོར་བཟུང་བ་དང། དེ་མིན་གཞུང་སྒེར་དུས་དེབ་དང་དྲ་ཚིགས་སོགས་གང་ལའང་བཀོད་མྱོང་མེད་ལ། རྒྱུ་རྐྱེན་གང་རུང་གིས་ད་ལྟའི་བར་ཡིག་སྒྲོམ་ནང་ལུས་པའི་སྙན་ངག་སྐོར་ཞིག་དང་། གཞན་མི་སྒེར་དང་འབྲེལ་བའི་སྙན་ངག་སྟེ་ད་ལྟའི་བར་འབྲི་བྱའི་ཡུལ་ལས་སུ་ལའང་བསྟན་མྱོང་མེད་པའི་བརྩེ་དུང་བརྗོད་པའི་སྙན་ངག་ཁ་ཤས་ཀྱང་བསྡུས་ཡོད།

        སྙན་དེབ་འདིའི་ནང་གི་སྙན་ངག་ཆེས་སྔ་ཤོས་ནི་སྟོང་ལོ་ཚེས་མ་ཐག་བྲིས་པའི་སྙན་ངག་ཚུད་ཡོད་ལ། ཆེས་རྗེས་མ་ནི་ཉིས་སྟོང་ཉེར་གཅིག་ལོའི་སྙན་ངག་ཁ་ཤས་ཀྱང་ནང་དུ་འདུས་པར་བྱས་ཏེ། དེབ་འདིར་ཚུད་པའི་སྙན་ངག་དག་ནི་གསར་རྩོམ་གྱི་རྒྱུན་རིང་ཞིང་། དུས་ཀྱི་མཆོང་སྟོབས་ཆེ་བ། བསམ་བློའི་འཁྱེར་སོ་མི་འདྲ་བ། སྒྱུ་རྩལ་གྱི་མཚོན་སྟངས་མི་འདྲ་བ། ཚིག་དང་དོན་གྱི་བརྗོད་སྟངས་ལ་ཧེ་བག་ཆེ་བ་བཅས་ནི་སྙན་ངག་དེབ་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་མི་ཆགས་རང་ཆགས་སུ་གྱུར་ཡོད།
        སྙན་དེབ་འདི་ལས་སྙན་ངག་པ་མོག་ཟླའི་མི་ལོ་ཉི་ཤུའི་རིང་གི་གསར་རྩོམ་གྱི་བཤུལ་ལམ་རིང་མོ་དེ་མཐོང་ཐུབ་ལ། སྙན་ངག་པ་ཁོས་སྙན་ངག་གི་དུས་ཚོད་ནང་དུ་རང་ཉིད་ཀྱི་མི་ཚེའི་ཆ་ཤས་ཤིག་ཇི་ལྟར་བསྐྱལ་བའི་སྐོར་གྱི་གཏམ་རྒྱུད་ཀྱང་རྙེད་ཐུབ་པས། བརྗོད་བྱའི་ཐད་ནས་འཇིག་རྟེན་ཆོས་བརྒྱད་ཀྱིས་དབང་དུ་འདུས་པའི་འཁོར་བའི་ནང་གི་སོ་སྐྱེ་ཕལ་བའི་གཟུགས་རིས་ཏེ་སྐྱེ་འཆི་དང། འདུ་འབྲལ། རེ་དོགས། ཐོབ་ཤོར། དགའ་སྡུག རྙེད་གྲགས་སོགས་འཇིག་རྟེན་ཁྱིམ་པ་བ་ཞིག་གི་བསམ་བློའི་འཁྱེར་སྟངས་དག་དབྱངས་གསལ་ཡི་གེའི་སྦྱོར་བར་བརྟེན་ནས་སྒྱུ་རྩལ་གྱི་རིས་སུ་ཕབ་པའི་སྙན་ངག་ཤ་སྟག་ཏུ་འཁུམས་སོ། །
        རྩྭ་ཐང་ནི་རིགས་རུས་ཀྱི་བླ་སྲོག་གནས་སའི་རྟོག་ལྗོངས་དེ་ཡིན་ཙ་ན། ལོ་རྒྱུས་ཀྱི་བཞུར་རྒྱུན་དྲག་པོས་སྙན་ངག་པའི་ཕྱི་ནང་གསང་གསུམ་བརྟོལ་ཏེ། དུས་རབས་ཤིག་གི་དངངས་འཚབ་མཚོན་པའི་གླུ་སྐད་ཉག་ཕྲ་བ་དག་ཚ་བེར་བེར་ངང་འཇིག་རྟེན་མི་ཡི་སྣང་ངོར་བཤམས་སོང་། ཁྱད་མཚར་བའི་དཔེ་གཟུགས་ཀྱི་སྡེབ་སྦྱོར། ཚོར་འདུ་དྲག་པོས་ཀུན་ནས་གཡོས་པའི་སེམས་ཀྱི་འབོད་སྐུལ། འཁྲུག་ཆ་དོད་པོའི་འཚོ་བའི་ཉམས་རྟོགས་སོགས་ཀྱིས་མོག་ཟླའི་སྙན་ངག་ལ་ཀུན་དང་མི་མཐུན་པའི་བཅོས་མིན་དང་རྣམ་དག་གི་ཁྱད་ཆོས་ཀྱིས་ཡོངས་སུ་སྤུད་པའི་མཛེས་ཉམས་ཤིག་དང་། ལྷུན་ཆགས་དང་བབ་ཆགས་ཀྱི་རྗོད་བྱེད་ལ་བརྟེན་པའི་དབྱངས་ཀྱི་ང་རོ། ངེས་ཤེས་དང་ལྷག་བསམ་གྱིས་བསྐྲུན་པའི་ཡིད་ངག་གི་སྒྱུ་རྩལ་སོགས་རྒྱུ་རྐྱེན་དུ་མའི་རྣམ་གྲངས་ལྷན་འདུས་ཀྱིས་གྲུབ་ཅིང་། སྙན་ངག་པའི་འགན་འཁྲི་དང་མི་ཆོས་ཀྱི་བསམ་བློ་ཡ་མ་བྲལ་བར་གནས་པ་ནི་མོག་ཟླའི་སྙན་ངག་གི་རིན་ཐང་གཞན་ཞིག་ཡིན་ལ། ཁྱད་དུ་འཕགས་པའི་སྙན་ངག་གི་སྙིང་སྟོབས་དང་། གཞོམ་དུ་མེད་པའི་སོ་སྐྱེས་ཀྱི་བླ་སྲོག་གི་འཕྲོ་འདུ་ལས་བྱུང་བའི་གསར་རྩོམ་གྱི་སྐྱེ་སྟོབས་ནི། སྒྱུ་རྩལ་ངེས་བརྗོད་ཀྱི་ཡལ་ག་སོ་སོར་དུས་དང་རྣམ་པ་ཀུན་ཏུ་བཞད་ཡོད་དོ། །


སྙན་ངག་པ་མོག་ཟླ་ངོ་སྤྲོད་མདོར་བསྡུས།

        མོག་ཟླ། དངོས་མིང་ལ་སངས་བྷ་རུ་འབོད་ཅིང་། མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ནས་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་ཉེར་གཉིས་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་འཛིན་གྲྭར་ཞུགས་མྱོང་། སྔ་ཕྱིར«མི་རིགས་ཀྱི་རྩོམ་རིག»དང་། «སྦྲང་ཆར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་མྱོང་ལ། རྩོམ་ཡིག་སྐོར་ཞིག་བོད་ཀྱི་རྩོམ་རིག་གཅེས་བཏུས་དེབ་སྣ་ཚོགས་དང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངེས་ཀློག་དཔེ་དེབ་བཅས་ཀྱི་ནང་བདམས་ཡོད། ད་ལྟའི་བར་སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ། བསྒྱུར་རྩོམ་སོགས་རྩོམ་ཡིག་ཡིག་འབྲུ་ས་ཡ་གཅིག་ལྷག་བྲིས་ཤིང་། རྩོམ་ཡིག་ཁ་ཤས་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེར་བསྒྱུར་ཡོད།


  • 顶 0