ན་རོ་ལགས་ཀྱི་དེབ་གསར«བརྩམས་སྒྲུང་དང་རིག་གནས»པར་དུ་བསྐྲུན།

2022-08-17
0
ནང་དོན་གནད་བསྡུས།

        བརྩམས་སྒྲུང་དང་རིག་གནས་གཉིས་ཀྱི་འབྲེལ་བའི་ཚུལ་ལས་བརྩམས་ཏེ། དུས་སྐབས་གསར་པའི་བོད་ཀྱི་བརྩམས་སྒྲུང་གི་མིའི་རིགས་རིག་པའི་བསམ་བློར་དཔྱད་པ་ཞེས་པའི་ཆེད་དེབ་འདིར། རྩོམ་པའི་རྣམ་གཞག་དང་། རྩོམ་རིག་མིའི་རིགས་རིག་པ། དོན་བརྗོད་རིག་པ། བརྩམས་སྒྲུང་ཚིག་རྒྱན་རིག་པ། རིག་གནས་ས་རྒྱུས་རིག་པ་ལ་སོགས་པའི་གཞུང་ལུགས་དང་དཔྱོད་ཐབས་ལ་བརྟེན་ནས། བྲག་རྡོར་བཀྲས་གླིང་དབང་རྡོར་གྱི«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»དང་། པད་མ་ཚེ་བརྟན་གྱི«གངས» ཟོན་ཐར་རྒྱལ་གྱི«དུར་སློག་མཁན» སྐྱབས་ཆེན་བདེ་གྲོལ་གྱི«གླུ་སྐད་སྐྱ་བོ» བཀྲ་བྷའི«ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ»བཅས་བརྩམས་སྒྲུང་ལྔ་རུ་མཐོང་བའི་རིག་གནས་ཀྱི་རྒྱུ་དང་བརྡ་ཐབས་འདོན་པ་གཙོར་བྱས་ཤིང་།(ཆེད་དེབ་འདིའི་དཔྱད་ཡུལ་དུ་གྱུར་པའི་བརྩམས་སྒྲུང་རྣམ་ལྔ་ནི། དགོས་དབང་གིས་མིའི་རིགས་རིག་པའི་བརྗོད་དོན་དང་བསམ་བློ་མངོན་གསལ་མཆིས་པ་ཅན་དག་གི་གྲངས་ཚད་ཙམ་ངེས་པར་བྱས་པ་ལས་གཞན་དག་རྣམ་པར་བཅད་པ་ནི་མ་ཡིན་ནོ།།) རྩོམ་རིག་མིའི་རིགས་རིག་པ་དང་ཉེ་བར་འབྲེལ་བའི་ནུབ་ཕྱོགས་ཀྱི་རྩོམ་ལུགས་གདོད་མ་རིང་ལུགས་དང་། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ལྟ་བུའི་གཞུང་དོན་གྱི་སྣོན་ཁ་ཅུང་ཟད་བྱས་ཏེ། བརྩམས་ཆོས་དེ་དག་གི་རང་བཞིན་ཅུང་ཟད་གསལ་བར་བྱས་པའི་ཚུལ་ཙམ་བསྟན་ཡོད།

        ཡང་བསམ་པ་ལ་བརྩམས་ཆོས་དེ་དག་གི་ཁྱད་ཆོས་གཞན་ལྡན་རྣམས་བསྐྱུར་ཏེ་རིག་གནས་ཀྱི་རྒྱུ་སྔོག་པ་གཙིགས་སུ་བཟུང་བ་ལ་ལེགས་པའི་མཚན་མ་ཅི་མཆིས་ཞེས་ཐེ་ཚོམ་པར་གྱུར་ན། སྤྱིར་རིག་གནས་དང་བརྩམས་སྒྲུང་གཉིས་ནི་ཆུ་དང་འོ་མ་འདྲེས་པའི་ཚུལ་ཅན་ཏེ། སོ་སོར་རྟེན་ཅིང་འབྲེལ། དེ་ཡང་བརྩམས་སྒྲུང་ཡོད་དོ་ཅོག་ཏུ་རིག་གནས་ཀྱི་མཚན་མ་མེད་པ་ཅན་ཧ་ལམ་མེད་ལ། རིག་གནས་དེའང་བརྩམས་སྒྲུང་གི་ཐབས་ལ་བརྟེན་ནས་ལེགས་པར་སྤེལ་པའི་སྲོལ་མཆིས་པས་ཕྱིར་རོ། །ཅི་སྟེ་བརྩམས་སྒྲུང་རྩོམ་མཁན་གྱིས་འཆར་སྒོ་དང་རྟོག་བཟོ་ཚད་མེད་པ་ལ་བརྟེན་ནས་སྒྱུ་འཕྲུལ་གྱི་ལྟད་མོ་ཅི་ཙམ་བསྟན་ནའང་། དེར་གནས་སྐབས་དེའི་སྐྱེ་བོ་རྣམས་ཀྱི་རིག་གནས་ཀྱི་དྲན་པ་དང་། སྤྱི་ཚོགས་ཀྱི་གནས་བབ། ལོ་རྒྱུས་ཀྱི་མཚན་མ་ལ་སོགས་པ་མེད་པ་ཅན་ཧ་ཅང་ཉུང་བས། སྒྱུ་རྩོམ་གྱི་སྐྱོན་ཡོན་བརྗོད་པ་པོས་དོན་དེ་ལྡན་གྱི་ཆོས་དག་གསལ་བར་བྱས་ཏེ་ཀུན་ལ་གོ་བར་བགྱིས་ན་དགེ་འབྲས་རྨད་པོ་ཆེ་ཞིག་ལྡན་པར་འདོད།
        བརྩམས་སྒྲུང་དུ་སྣང་བའི་རིག་གནས་ཀྱི་ཆོས་ཅི་རིགས་ཀྱང་རྩོམ་པ་པོས་དྲང་པོར་བསྟན་པ་ཞིག་མ་ཡིན་པར་འཁྱོག་པོའི་ངག་གིས་ལྷུར་བླངས་པས་སྒྲས་ཟིན་ལས་བཙལ་དགོས་པའི་དོན་དེ་ཉིད་ངེས་པ་ལ་བརྩམས་སྒྲུང་གི་སྒྱུ་རྩལ་ལམ་ཚིག་རྒྱན་གྱི་ཐབས་རྩལ་རྟོགས་རྒྱུ་འགངས་ཆེ། ཆེད་དེབ་འདིར་བརྩམས་སྒྲུང་ཚིག་རྒྱན་རིག་པའི་ཆེས་རྩ་བར་གྱུར་པའི་ཤེས་བྱ་སྟེ། སྒྲིག་གཞི་དང་། བར་ཐག དུས། ཟོལ་སྨད། ངག་སྦྱོར། བསྐྱར་ཟློས་གཙོས་པའི་ཐབས་རྩལ་དེ་དག་ལ་དབྱེ་ཞིབ་གང་འཚམ་བྱས་ཏེ། སྒྲུང་གི་དགོངས་པ་ཉེ་བར་མཚོན་བྱེད་དུ་ཚིག་རྒྱན་དེ་དག་འཕྲོད་སྦྱོར་ལེགས་ཚུལ་དང་། རྩོམ་པ་པོས་ཚིག་རྒྱན་གྱི་ཐབས་རྩལ་དེ་དག་གང་ལ་གང་འཚམ་གྱིས་བསྟེན་ཚུལ་གླེང་ཡོད། དེ་བས། ཆེད་དེབ་འདི་ཀོ་བྱ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་གཤོག་ཡ་གཅིག་ནི་དོན་ཉམས་ཀྱི་ཆ་སྟེ། བརྩམས་སྒྲུང་དུ་སྣང་བའི་མིའི་རིགས་རིག་པའི་བརྗོད་དོན་དང་བསམ་བློར་བརྟག་པ་ཅན་དེ་ཡིན་ཞིང་། གཤོག་ཡ་གཞན་གཅིག་ནི་དོན་དེ་ཉིད་ཉེ་བར་མཚོན་བྱེད་ཀྱི་ཚིག་རྒྱན་གྱི་ཉམས་སམ་ཐབས་རྩལ་ལ་བརྟག་པ་ཅན་ཡིན་པས། ཅི་སྟེ་གཤོག་ཡ་དེ་གཉིས་འཛོམས་ཚེ་བྱ་ཞིག་ཡིན་ན་ཡར་ཡར་འཕུར་བར་ནུས་ཤིང་། རྩོམ་གྱི་སྐྱོན་ཡོན་བརྗོད་མཁན་ཞིག་ཡིན་ན་གང་དེར་དཔྱོད་ཅིང་འཇུག་པའི་བྱ་བར་འཐུས་ཤོར་མ་བྱུང་བར་འདོད་ཆོག

        དེ་ལྟར། ཕྲན་གྱིས་དཔྱོད་ཐབས་གསར་པ་ཞིག་བསྟེན་ཁུལ་གྱིས་བརྩམས་སྒྲུང་གི་ཁྱད་ཆོས་སྔ་མ་རྣམས་ཀྱིས་ཐུགས་མཉམ་མ་བཞག་པའམ་སྣང་ཆུང་དུ་བསྐྱུར་པའི་དོན་ལྡན་གྱི་ཆོས་ཕྲ་མོ་ཁ་ཤས་ལ་བརྟག་པ་ནི། དེང་བྱུང་གི་བརྩམས་སྒྲུང་ལ་དཔྱོད་པའི་ཐབས་སྣ་མང་ཕུན་ཚོགས་སུ་གཏང་ཆེད་དང་། རང་ངོས་ནས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»གཙོས་པའི་བརྩམས་ཆོས་དེ་དག་ལེགས་རྩོམ་ཡིན་པའི་སྒྲུབ་ངག་གང་འཚམ་ཞིག་དགོད་རྒྱུ་དང་། སྒྲུང་དུ་སྣང་བའི་ཡུལ་གངས་ཅན་གྱི་སྐྱེ་འགྲོའི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་ཀྱི་རྟགས་མཚན་ལ་སོགས་པ་སྲོལ་རྒྱུན་དང་བར་དུ་མ་ཆོད་ན་སྙམ་པའི་རྒྱུའི་ཀུན་སློང་རྣམ་པར་དག་པའི་སྒོ་ནས་དཔྱད་པ་ལྷུར་བླངས་ནའང་། བློས་མ་ལྕིག་པའམ་མ་རྟོགས་པ། ལོག་པར་རྟོགས་པ། སྤྱི་བརྟོལ་གྱི་འཆལ་ངག་ཅི་མཆིས་དཔྱོད་ལྡན་རྣམ་པའི་སྤྱན་སྔར་མཐོལ་ལོ་བཤགས་ཞེས་སྨྲས་པ་དགེའོ།།

དེབ་ཀྱི་དཀར་ཆག
བཀའ་དྲིན་ཞུ་ཡིག   

        ཆེད་དེབ་འདིའི་དོན་གྱི་འགངས་ཁ་ཤས་ལེགས་པར་ཐོན་པ་ལ་ཡིད་སྔོན་དུ་འགྲོ་རོགས་གྲོགས་ཆོས་སྐྱོང་ལགས་དང་། པར་སྐྲུན་གྱི་མཐུན་རྐྱེན་སྦྱོར་མཁན་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཕུར་བུ་མཚམས་གཅོད་ལགས། ས་བཀྲའི་རི་མོ་མཁོ་སྤྲོད་གནང་མཁན་དང་མི་མིང་དབྱིན་སྐད་དུ་སྒྱུར་གྲོགས་བྱེད་མཁན་གྲོགས་ལྕགས་རྡོར་རྒྱལ་ལགས། བོད་ཡིག་དཔེ་སྐྲུན་གྱི་ལས་ལ་སེམས་དཀར་བའི་རྩོམ་སྒྲིག་པ་སྙན་བུ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག་གུ།


རྩོམ་པ་པོ་ངོ་སྤྲོད།
ན་རོ།

        བསེ་ཆང་ཤ་བོ་ཚེ་བརྟན། རྩོམ་རིག་འབུམ་རམས་པ། ད་ལྟ་བོད་ལྗོངས་སློབ་ཆེན་བོད་ཀྱི་རྩོམ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་དང་། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་སྒྱུ་རྩལ་དཔྱད་གཏམ་ཚོགས་པའི་ཚོགས་མི། ཀྲུང་གོའི་རྩོམ་རིག་གཞུང་ལུགས་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན། 2013ལོར«བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས»ཞེས་པ་པར་དུ་བསྐྲུན་པ་དང་། 2014ལོར་སྙན་དེབ་ཐོག་མ«གྱང་ཆག»ཅེས་པ་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བདམས་ཏེ་པར་དུ་བསྐྲུན། 2017ལོར་བསྒྱུར་རྩོམ«ཤེལ་ལེ་ཡི་སྙན་ངག་གཅེས་བསྡུས»ཞེས་པ་པར་དུ་བསྐྲུན། སྔ་རྟིང་དུ་ཀྲུང་གོའི་མི་རིགས་གྲངས་ཉུང་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་དང་།(2007ལོ) ཟླ་ཟེར་རྩོམ་རིག་བྱ་དགའ།(2012ལོ) མི་རིགས་ཀྱི་རྩོམ་རིག་བོད་ཡིག་པར་མའི་ལོ་འཁོར་བྱ་དགའ།(2013ལོ) གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།(2015ལོ) བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་དཔྱད་འབྲས་བྱ་དགའ(2019ལོ)བཅས་ཐོབ། སྙན་ངག་གཙོས་པའི་བརྩམས་ཆོས་མང་པོ་ཞིག«སྦྲང་ཆར»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «ཟླ་ཟེར»ལ་སོགས་པའི་དུས་དེབ་དང་ཚགས་པར་དུ་བཀོད། སློབ་ཁྲིད་ཀྱི་ཞོར་ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་གཉིས་ཀྱི་ཞིབ་འཇུག་གི་ཁུར་བླངས་ལ། དེ་འབྲེལ་གྱི་དཔྱད་རྩོམ་མི་ཉུང་བ་ཞིག«བོད་ལྗོངས་སློབ་ཆེན་གྱི་རིག་དེབ»དང་། «ཀྲུང་གོའི་བོད་རིག་པ» «བོད་ལྗོངས་ཞིབ་འཇུག»ལ་སོགས་པར་བཀོད་ཡོད།


  • 顶 0