བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ཀྱི་སྙན་ངག་བདམས་བཀོད།

2022-09-21
0
        གཅན་མེ་སྟག སྐྱེ་མིང་ལ་བསོད་ནམས་བརྟན་པ། པིར་མིང་ལ་རྒྱལ་སྲས་དང་། ཨ་ནུ། གངས་སྐར། རི་སྤྱང་སོགས་ཟེར། སྤྱི་ལོ1970ལོར་མཚོ་སྔོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ལྷ་ས་ཞེས་པའི་གྲོང་ཚོ་རུ་འཁྲུངས། སྤྱི་ལོ1989ལོར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ལོ་རབས་བརྒྱད་ཅུའི་དུས་སྨད་ནས་གསར་རྩོམ་ལ་ཞུགས། སྔ་ཕྱིར་མགོ་ལོག་དང་། ཟི་ལིང་སོགས་སུ་ཕྱག་ལས་གནང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། མགོ་ལོག་ཁུལ་རྨ་ཆེན་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གནང་།
        ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་སྡེའི་སྙན་ངག་པ་དང་། སྙན་ངག་ཁམས་ཀྱི་ཡིད་འགྱུར་བརྩམས་ཆོས་ཀྱི་ཚབ་མཚོན་སྙན་ངག་པ། ལྷུག་རྩོམ་པ་བཅས་སོ།།
        ཚབ་མཚོན་བརྩམས་ཆོས་སུ། སྙན་ངག་ཕྱོགས་བསྒྲིགས«ལྷོ་བཞུད་ཀྱི་ཆུ་འཛིན»བཞུགས། བརྩམས་ཆོས«ལྷོ་བཞུད་ཀྱི་ཆུ་འཛིན»དང་། «ཉི་ཟླ་རི་བོའི་སྙན་ཚིག»«བྱ་ཆེན་གྱི་སྐྱེ་བ་མེད་པའི་དུས་རབས་ནང__ཁྱི་ཁ་ཚུམས་ཀྱི་སྐོར»སོགས་སྙན་ངག་ཁམས་ཀྱི་མཛེས་པ་དང་། ཡིད་འགྱུར་དྲག་པོའི་འགྲོས་རིམ། རྟོག་འཆར་ཡངས་པོ།  བློས་བསླངས་ངོ་མཚར་གྱི་ཁྱད་ཆོས་ལས་གསར་རྩོམ་གྱི་ཐུན་མིན་དགེ་མཚན་མངོན་ནོ།།
        2022ལོའི་སྤྱི་ཟླ9པའི་ཚེས20ཉིན་སྙུང་གཞིའི་རྐྱེན་གྱིས་སྐུ་གཤེགས།


ཁོང་གི་ཚབ་མཚོན་སྙན་ངག

ཉིན་འདི་དག་ལ།
གཅན་མེ་སྟག


ཉིན་འདི་དག་ལ། ང་རང་ཧ་ཅང་བླུན་པོ་ཡིན།
ཉི་མ་ཡོད་དེ།
གྲང་སྐྱོབ་ལ་རེ་གི་མེད།
ཆུང་མ་ཡོད་དེ།
སེམས་རྟེན་ལ་བཅོལ་གི་མེད།
རྩོམ་རིག་ཡོད་དེ།
སྐོམ་སོད་དུ་ཁྱེར་གི་མེད།
མགོ་ལོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་དེ།
ལན་རེར་ཟི་ལིང་དང་རེབ་གོང་ལའང་།
འཆམ་འཆམ་དུ་འགྲོ་བཞིན་ཡོད།
ད་དུང་གསོན་ཡོད་དེ།
ཚེ་ཐག་རིང་བའི་སྨོན་ལམ་འདེབས་ཀི་མེད།

ཉིན་འདི་དག་ལ།
ང་ལ་སྒོར་མོ་དཀོན་ནའང་།
ཆེད་དུ་སྒོར་མོ་བཙལ་གྱིན་མེད།
ང་ལ་གཉིད་དཀོན་ནའང་།
ཆེད་དུ་སྨན་འཐུང་གི་མེད།
ང་ལ་ཤ་ཟས་དཀོན་ནའང་།
ཆེད་དུ་བྱ་སུག་ཉོ་གི་མེད།
ཉིན་འདི་དག་ལ། ངའི་སྐྲ་ཡོངས་སུ་བྱི་སོང་།
བྱི་སོང་ན་བྱི་སོང་སྙམ་བཞིན་ཡོད།
ངའི་སོ་འབུ་ཡིས་ཟོས་སོང་།
ཟོས་སོང་ན་ཟོས་སོང་སྙམ་བཞིན་ཡོད།
ད་དུང་། ཁ་སྤུ་དཀར་པོར་གྱུར་སོང་།
འོག་གི་སྤུ་ཡང་དཀར་པོར་གྱུར་སོང་།
སྨིན་མ་ཇེ་རིང་རེད། སྣ་སྤུའང་ཇེ་རིང་རེད།
དེ་དག་ཅི་ཡིན་ན་སྙམ་བཞིན་ཡོད།

ཉིན་འདི་དག་ལ།
ང་གཅན་ཚ་རུ་ཐེངས་གཅིག་སོང་མྱོང་།
ཡིན་ནའང་།
གཅན་ཚ་ལ་འགྱུར་ལྡོག་ཅི་ཡོད་པ་ཤེས་མ་སོང་།
རྩྭ་ཐང་ལ་ཐེངས་གཅིག་སོང་མྱོང་།
ཡིན་ནའང་།
མུ་མཐའ་མེད་པ་ཞིག་ཡིན་པའང་ཤེས་མ་སོང་།
དཔེ་ཆ་ཐེངས་གཅིག་བཀླགས་མྱོང་།
མི་ཚེའི་གནས་ལུགས་ཅི་ཞིག་ཡོད་པའང་ཤེས་མ་སོང་།

ཉིན་འདི་དག་ལ།
མི་ཞིག་གནམ་བཏགས་བརྒྱབ་སོང་ཟེར།
དེ་ནས་ཐག་པ་རིག་ནའང་སྐྲག
མི་ཞིག་ཆུ་ལོག་གིས་ཁུར་སོང་ཟེར།
དེ་ནས་ཆུ་ཕྲན་ཞིག་རིག་ནའང་གཟུར་ནས་སོང་།
མི་ཞིག་ཁང་རྩེག་མཐོན་པོ་ནས་ལྷུང་སོང་ཟེར།
དེ་ནས་བང་རིམ་བཅུ་དགུ་བར་སྡོད་དུས་ཀྱང་།
སྙིང་འཕག་ནས་འདུག་བཟོད་བྲལ།

ཉིན་འདི་དག་ལ།
མི་ཞིག་འཇིག་རྟེན་དུ་འཚོ་རྒྱུ་ཧ་ཅང་གིས་དཀའ་འོ་སྙམ།
མི་རྟག་པའི་གསུང་རབ་རེ་འདོན་ཞོར།
མ་ཎི་དཔར་བའི་སྲུང་འཁོར་ཞིག་སྐེ་ལ་བཏགས་ཏེ།
ཤི་ནའང་།

སྲུང་འཁོར་གྱི་ལོང་བུ་ལ་དམ་པོར་འཇུག་དགོས་སྙམ་ཡོད།

ཞུ་བ།


དེ་རིང་ནས་བཟུང་། ངའི་སྒོ་དང་སྒེའུ་ཁུང་ཡོངས་སུ་གཡོགས་པར་མཛོད།
དེ་རིང་ནས་བཟུང་། ངས་མཐོ་སྒང་འདིའི་ལྷིང་འཇགས་ཅུང་ཟད་རོལ་ཐུབ་པར་ཤོག
གལ་སྲིད་མེ་ཏོག་ཅིག་བཞད་ན། དེ་ཡང་རྩྭ་གསེབ་ནས་དལ་བུར་འགུལ་དུ་ཆུགས།
དུས་སྐབས་འདིར་འདབ་ཆགས་ཀྱི་འུར་སྒྲ་ཡང་མི་དགོས།
གལ་ཏེ་ཡོད་ན། དེ་དག་ཐམས་ཅད་ང་ཡི་ཉེས་སྐྱོན་དུ་བརྩིས་ཆོག

ད་དུང་དུས་ཚོད་ག་ཙམ་ལ།
ངའི་མཐོ་སྒང་འདི་ཞི་བདེ་རུ་གནས་ཐུབ་བམ།
ད་དུང་དུས་ཚོད་ག་ཙམ་ལ་འཕུར་ཟིན་པའི་བྱ་རྒྱལ་དེ་དག་ཕྱིར་ལོག་ཐུབ་བམ།
དེ་བས། ད་ལྟ་ངས་སྐད་གསངས་མཐོན་པོས། ངུ་ངག་དང་བཅས།
བླ་མ་ཡ། ང་ལ་འཇིག་རྟེན་ཕྱི་རོལ་གྱི་རླུང་སྒྲ་དེ་ཐོས་སུ་མ་འཇུག་ཅེས་ཞུ་འདོད།

ད་དུང་ཡང་། བླ་མ་ཡཱ།
ཁྱེད་ཀྱི་གཟན་ཤམ་དམར་པོའི་འོག་གི།
མ་དག་སེམས་ཅན་འདི་ཚོ་འདོར་མི་རུང་ཞེས་ངུ་ངག་གིས་ཞུ་འདོད།

                            ཞེས་པ་འདི་ཁྱབ་བདག་རྫོགས་ཆེན་བླ་མ་སྐྱབས་རྗེ་པད་མ་སྐལ་བཟང་མཚན་ཅན་གྱི་གྱ་སྟོན་ལ་གུས་པ་གཅན་མེ་སྟག་ཏུ་འབོད་པ་ནས་ནད་ཁང་དུ་བྲིས་པ་དགེ་གྱུར་ཅིག

ཉི་ཟླ་རི་བོའི་སྙན་ཚིག


ཁྱེད་ཀྱི་མིང་ལ་ཉི་ཟླ་ཐོགས་པ་ནས་བཟུང་།
ངས་རྒྱུན་དུ་རྟ་ཁ་གློད་ནས་སྨོན་ལམ་བཏབ་མྱོང་།

དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་ནས།
ཟླ་འོད་ཀྱིས་ང་རང་ཕ་མཐར་སྐྱེལ་བའི་དུས་སུའང་།
ཁྲུང་ཁྲུང་སྐེ་རིང་དང་མཚུངས་པའི་རི་སྒང་དེའི་ཞོལ་དུ།
སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་བོ་ཡང་དྲན་པར་མནར།

—སྒམ་ལ་དཀྱེལ་ཆེ་བའི་བཙན་པོ་དང་།
གཡེར་བག་ལྡན་པའི་རྒྱ་བཟའ་ཡང་།
གནའ་འདི་ནས་འཕྲད་པ་སྟེས་དབང་མིན།
མེ་ལོང་བོར་ས་ནས་ཁུ་སིམ་མེར་སྨོན་ལམ་བཏབ་མྱོང་ཕྱིར།
ངས་ཉི་ཟླ་རི་བོའི་མཚམས་སྤྲིན་དེ་བརྗེད་ག་ལ་ནུས།

གླང་རྫི་དང་འཐག་མཁན་བུ་མོ།
ཟླ་བའི་ཀློང་ན་དྲན་གདུང་གི་གླིང་བུ་དལ་གྱིས་འབུད།
དེ་དག་གི་དུས་ན།
ངས་ཀྱང་ཉི་ཟླའི་གོང་ཁ་རུ་རེ་སྒུག་གི་ཤུགས་གླུག་བླངས་མྱོང་ཨང་།

ཡིན་ནའང་ད་ལྟ། ཉི་ཟླ་གཉིས་ལྷན་འཛོམས་ཀྱི་སྐལ་པ་ཧ་ཅང་ཕྲ་བས།
ངས་སྨོན་ལམ་འདེབས་པ་ནི།

རི་བོ་ཁྱོད་ཁོ་ན་མིན།

གནད་དོན།


གནད་དོན་གཙོ་བོ་ནི།
འཇིག་རྟེན་འདི་ཧྲིལ་པོ།
སྙན་ངག་གི་བརྗོད་བྱར་བསྡུ་བ་དེ་མ་རེད།

སྙན་ངག་ནི།
ཉི་འོད་དང་། རླུང་དང་།
རྩི་ཤིང་གིས་གསོ་དགོས་པ་དེ་རེད།

དེ་ནི་འཆི་བ་དང་ཉི་མ། གདོད་གཤིས།
མཛའ་མོའི་གཅེར་གཟུགས་ལ་སོགས་ཀྱིས་བཏེགས་པའི།
ཆེས་མཛེས་པའི་སྐད་ཆ་དེ་མ་རེད།

གནད་དོན་གྱི་གནད་དོན་ནི།
ཇི་ལྟར་སྒྲུབ་ཚེ་སྙན་ངག་བྱ་བ་དེ།
དབུལ་ཕོངས་པ་དག་གི་སྡོད་གནས་སུ་འགྱུར་བ་དང།
ཁེར་རྐྱང་བ་དག་གི་དགོས་མཁོ་རུ་འགྱུར་བ་དེ་རེད།

རྒྱུ་མཚན་ནི། མི་དེ་དག
སྙན་ངག་ཁྲོད་ཕན་ཚུན་སྤུན་གྲོགས་སུ་འགྱུར་བའི།
ཐ་སྙད་རྣམས་ལས།
ཁེར་རྐྱང་ཡིན་པས་སོ།།


ནམ་ལངས་ཟིན།


ཁ་བ་བབས་ནས་ཞུ་སོང།
ཁང་བའི་བྱ་འདབས་སུ་དཔྱངས་པའི་འཁྱག་རོམ་དག
དྭངས་ཤིག་ཤིག ཆུ་ཡི་ཐིགས་པ་རུ་གྱུར་སོང།
སྒེའུ་ཁུང་ཁ་རུ་བཞག་པའི་ཨ་གར་མེ་ཏོག་གིས།
མགོ་བོ་ཕྱིར་བསྲིངས་ཏེ་ཉི་འོད་ལ་རོལ་བར་བྱེད།

སློབ་མ་ཚོ་གཉིས་གཉིས་གསུམ་གསུམ་གྱིས།
དཔེ་ཆ་བཟུང་སྟེ། སློབ་གྲྭའི་ར་བསྐོར་དུ་འགྲོ་བ་མཐོང།
ལྷིང་འཇགས་དང་ཞི་བདེ་ཡི་མཁའ་དབུགས་འདིས།
བབ་ཆགས་དང་སོས་བསོད་ཀྱི་འཚོ་སྟངས་འདིར།
ངས་སེམས་གཏིང་གི་ཁ་བཏགས་ཤིག་འབུལ་འདོད།

སྐབས་འདིར་ཉི་འོད་མི་དྲོ་ནའང་སེམས་པ་ཧ་ཅང་སྐྱིད།
ལྗང་ལྡེམ་ལྡེམ་གྱི་རྩྭ་ལོ་དེ་དག་ཀྱང་ད་ལྟ་གཉིད་ལས་སད་འོས།
སྣུམ་ཚིར་ཚིར་གྱི་མགོ་བོ་ཡར་དགྱེ་སྟེ།
ང་ཡི་སྐྱོ་ཉམས་དོད་པའི་འཛུམ་མདངས་འདིར།
ཐེངས་གཅིག་བལྟ་འོས།


  • 顶 0