ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ8པ་ནི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནའ་ལོ་འཁོར་བཅུ་ལོན་པ་དང་། ཀྲུང་གོ་ལྕགས་ལམ་མདོ་དབུས་ཚོགས་པ་ཚད་ཡོད་ཀུང་སིའི་གཞི་གྲངས་ལ་མངོན་པ་ལྟར་ན། ལོ་བཅུ་ནང་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་བྱས་ནས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི1300ལྷག་སྐྱེལ་འདྲེན་བྱས།

བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་དུ་བསྐྱོད་པ།
ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གྱི་རིང་ཚད་སྟོང་སྨི251དང་ཆ་སྙོམས་ས་བབ་སྨི4000ཟིན་པས་དྲ་གྲོགས་ཚོས“མཁའ་དབྱིངས་དང་ཆེས་ཐག་ཉེ་བའི་ལྕགས་ལམ”ཞེས་འབོད་ཀྱིན་ཡོད། ལོ་ངོ་བཅུ་ཡི་རིང་ལ་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གྱིས་བདེ་འཇགས་ངང་ཤར་གཏོང་བྱས་ནས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི1300ལྷག་སྐྱེལ་འདྲེན་བྱས་པ་དང་། བོད་ལྗོངས་སུ་ཟས་གོས་འགྲོ་སྡོད་ཕྱོགས་ཀྱི་དངོས་ཟོག་གང་མང་མང་སྐྱེལ་འདྲེན་བྱེད་བཞིན་ཡོད། ལྕགས་ལམ་སྡེ་ཚན་གྱིས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གྱི་ས་ཁོངས་ཁྱད་ཆོས་བཟུང་ནས“མཁའ་ལམ་སྐལ་བཟང་མེ་ཏོག·ཇོ་རིའི་བརྩེ་བ”ཞེས་པའི་ཞབས་ཞུ་མིང་རྟགས་བཏོད་དེ་རྒྱ་བོད་སྐད་གཉིས་དང་ཁྱད་ལྡན་བཟའ་བཏུང་། མཐོ་སྒང་གི་ནད་འགོག་བཅོས་སོགས་ཀྱི་དམངས་ལ་སྟབས་བདེ་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་པས་ས་གནས་འགྲུལ་བ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། དེས་ནུས་ལྡན་ངང་མང་ཚོགས་མེ་འཁོར་སྡོད་པའི་བདེ་ཚོར་དང་ཐོབ་ཚོར་མཐོ་རུ་བཏང་།

ལྕགས་ལམ་ཞབས་ཞུ་ལས་དོན་མི་སྣས་བོད་ཀྱི་མང་ཚོགས་ཞིག་ལ་མཛུབ་སྟོན་བྱེད་བཞིན་པ།
རྒྱུས་ལོན་ལྟར་ན། ལྷ་ས་ནས་གཞིས་ཀ་རྩེ་བར་གྱིས་ལྕགས་ལམ་གྱིས་ས་གནས་མང་ཚོགས་ལ་བདེ་འཇགས་མཁོ་འདོན་དང་སྟབས་བདེ་བའི་འགྲིམ་འགྲུལ་ཐབས་ལམ་མཁོ་འདོན་བྱས་པ་མ་ཟད། འགྲམ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། འགྲམ་རྒྱུད་སྡོད་དམངས་ཀྱི་ཡོང་འབབ་འཕར་རུ་བཅུག ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རིག་གནས་ཡུལ་སྐོར་སྡེ་ཚན་དང་ལྕགས་ལམ་སྡེ་ཚན་མཉམ་འབྲེལ་བྱས་ནས་གཞིས་ཀ་རྩེ་གྲོང་ཁྱེར་དུ“བོད་ལྗོངས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཤར་གཏོང་བྱས་པས་ལམ་བརྒྱུད་དུ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཧྲན་ཞི་ཞིང་ཆེན་བཞི་དང་གྲོང་ཁྱེར4དང་སྦྲེལ་བ་དང་། འགྲམ་རྒྱུད་མི་གྲངས་ཁྲི3300དང་འབྲེལ་བ་ཡོད། བསྡོམས་རྩིས་ལྟར་ན། 2023ལོར་གཞིས་ཀ་རྩེ་ཡིས་ཡུལ་སྐོར་པ་མི་ཐེངས་ཁྲི1003.56སྣེ་ལེན་བྱས་པ་དུས་མཉམ་ལས126%འཕར་ཞིང་། ཡུལ་སྐོར་མི་ཐེངས་ཐོག་མ་མི་གྲངས་སྟོང་ཁྲི་ལས་བརྒལ་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར58ཟིན་ནས་དུས་མཉམ་ལས112%ཀྱིས་འཕར་ཡོད།
ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་ངོ་བཅུ་ལོན་པའི་ཉིན་མོ་འདིར། མཐོ་སྒང་གི་ལྕགས་ལམ་དེས་རྣམ་པ་གསར་བ་དང་གཟུགས་བརྙན་གསར་བ། ཞབས་ཞུ་གསར་བས་འཛམ་གླིང་ཡོངས་ལ་དུས་རབས་གསར་བའི་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་སྟོབས་གསོན་ཤུགས་མངོན་བཞིན་ཡོད། །