ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་2023ལོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་སྤེལ་བ།
ལི་ཧུང་ཀྲུང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཟླ་12ཚེས་13ཉིན་ནི་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ཀྱིས་སྤྱི་མཆོད་བྱེད་པའི་ཉིན་མོ་ཐེངས་བཅུ་པ་དེ་ཡིན་པ་དང་། ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླའི་དྲན་གསོ་ཁང་དུ་སྤེལ་ཞིང་། འདི་ནི་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་སྤྱི་མཆོད་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་2023ལོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
སྤྱི་མཆོད་བྱེད་སྒོ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླའི་དྲན་གསོ་ཁང་གི་འདུ་འཛོམས་ཐང་ཆེན་དུ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་སྒམ་བརླིང་ལྡན་པ་དང་རྒྱལ་དར་ཕྱེད་ཀ་ཕབ་ཡོད་པ་རེད། ལས་རིགས་ཁག་གི་འཐུས་མི་8000ཙམ་གྱིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་གུས་སྟབས་ཀྱིས་ཁུ་སིམ་པོར་ལངས་ནས་བསྡད། ཆུ་ཚོད་བཅུ་པ་ཏག་ཏག་ལ་སྤྱི་མཆོད་བྱེད་སྒོ་འགོ་ཚུགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། རྒྱལ་གླུ་བཏང་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། ནན་ཅིང་གྲོང་ཁྱེར་གྱིས་མཁའ་ཟོན་ཉེན་བརྡ་བཏང་བ། རླངས་འཁོར་གཏོང་མཚམས་བཞག་ནས་དུང་བརྡ་གྲགས་པ། ལམ་མིས་རང་སར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས་བཅིངས་འགྲོལ་དམག་དམག་མིའི་རོལ་ཆ་ཚོགས་པས་དཀྲོལ་བའི《རྒྱལ་ཁབ་ཀྱི་སྤྱི་མཆོད་རོལ་དབྱངས》ཀྱི་འགྱུར་ཁུག་ཁྲོད་བཅིངས་འགྲོལ་དམག་གི་གཟབ་སྦྲེང་སིའི་གུས་དམག་རུ་ཆེན་གྱི་གུས་དམག་16གིས་འདས་མཆོད་མེ་ཏོག་ཕྲེང་བ་བརྒྱད་ཡར་ལ་བཀྱགས་ནས་འདས་མཆོད་སྟེགས་བུར་ཕུལ་བ་རེད།
དེ་རྗེས་ལི་ཧུང་ཀྲུང་གིས་གསུང་བཤད་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ནན་ཅིང་དམར་གསོད་ཆེན་པོར་ཉེས་མེད་རྐྱེན་ལམ་དུ་ཤོར་མཁན་ལ་རྗེས་དྲན་ཟབ་མོ་དང་། རི་པིན་བཙན་འཛུལ་བས་དམར་གསོད་བཏང་བའི་སྤུན་ཟླར་རྗེས་དྲན། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་འཐོབ་ཆེད་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་རྗེས་དྲན། ཀྲུང་གོའི་མི་དམངས་དང་མཉམ་དུ་རི་པིན་བཙན་འཛུལ་བར་འགོག་རྒོལ་བྱས་ཏེ་ཚེ་སྲོག་སྐྱེས་སུ་ཕུལ་བའི་རྒྱལ་སྤྱིའི་འཐབ་འཛིང་བ་དང་རྒྱལ་སྤྱིའི་གྲོགས་པོར་རྗེས་དྲན་བཅས་ཞུས་ནས། ཀྲུང་གོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་བླ་ན་མེད་པའི་འདུན་པ་མཚོན་པར་བྱས་པ་མ་ཟད། ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔར་སོང་མ་བརྗེད་པ་དང་ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གཏོད་པའི་ལངས་ཕྱོགས་བརྟན་པོ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
康巴卫视微信公众号