པར་མིག་གི་གཤོག་ཟུང་ལ་བརྟེན་ནས། སྤྲིན་གསེབ་ཀྱི་ལྷག་བསིལ་དང་ལྷན་དུ་ས་གཞི་ཆེན་པོའི་མིག་དབང་ལྟ་བུའི་དྭངས་གསལ་གྱི་མཚོ་མོ་འདིར་མཁའ་དབྱིངས་ནས་གཅིག་གཟིགས་ན། ཟླ་བ་ལྔ་པའི་ཡར་འབྲོག་གཡུ་མཚོ་ནི། དར་གོས་སྔོན་པོ་བཏིང་བ་བཞིན་དྲོ་ཞིང་འཇམ་ལ་ལྷིང་འཇགས་ཀྱི་ཉམས་ཀྱིས་ཕྱུག ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཉིས་ལྷག་ཙམ་འགྲུལ་བཞུད་བྱས་པའི་རྗེས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཁོངས་སུ་ཆགས་པའི་ས་མཐོའི་མཚོ་ཆེན་འདིའི་འགྲམ་དུ་སླེབས་ཐུབ། ཡར་འབྲོག་གཡུ་མཚོའི་མཚོ་ངོས་ཀྱི་ས་བབ་མཐོ་ཚད་ལ་སྨི་4440ལྷག་ཙམ་ཡོད། སྔོན་པོ་གནམ་དང་དཀར་པོ་སྤྲིན་གྱི་འོག་རོལ་ཏུ། མཚོ་མོ་ནི་གཡུ་ཡི་རིན་ཆེན་གཟི་མདངས་འབར་བ་ཞིག་རི་ཚོགས་ཀྱི་མགུལ་དུ་བཏགས་པ་དང་མཚུངས་པས། མཐོང་མ་ཐག་ནས་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ཀྱི་གནས་ཆེན་མཚོ་མོ་གསུམ་གྱི་ནང་གི་ཡ་གྱལ་ཞིག་ཡིན་ལ། མཚོ་མོའི་དབྱིབས་ནི་ཕྱོགས་བཞིར་བརྐྱངས་པའི་བྱུ་རུའི་སྡོང་པོའམ། ཡང་ན་བག་ཕེབས་པའི་ངང་མོ་ཞིག་དང་སྒོ་ཀུན་ནས་མཚུངས་ཤིང་། རི་སུལ་གྱི་ལུང་གཤོངས་དུ་མར་ཀྱག་ཀྱོག་གི་གུག་ཆ་མང་དུ་ཡོད་པས། ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་མཚོ་ཡོངས་རྫོགས་ཀྱི་མཛེས་རིས་དུས་གཅིག་ཏུ་མིག་ལམ་དུ་ཤོང་བར་དཀའོ། །ནམ་མཁའ་གཡའ་དག་ཅིང་ཉི་འོད་འཕྲོ་བའི་དུས་སུ། མཚོ་ཡི་མདོག་ནི་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་སྔོ་ཞིང་དྭངས་པ་དང། མཐིང་ག ལྗང་གུ་སོགས་ཚོན་མདོག་སྣ་ལྔའི་རི་མོ་བཞིན་དུ་འགྱུར་ལྡོག་འགྲོ་ཡི་ཡོད་པ་དེ་ནི་རང་བྱུང་ཁམས་ཀྱི་ཆེས་ངོ་མཚར་བའི་སྒྱུ་འཕྲུལ་ཁྱད་པར་བ་ཞིག་རེད།

གཡུ་མཚོ་འདིའི་མཛེས་པ་ནི་ངོས་གཅིག་ཁོ་ན་མིན་པར། དེའི་ཉེ་འཁོར་གྱི་ཕྱི་ནང་སྣོད་བཅུད་ཀྱི་ཁོར་ཡུག་དང་དེ་བས་ཀྱང་གོང་བུ་གཅིག་ཏུ་འདྲེས་ཤིང་འཕྲོད་བསྟེན་གྱི་རྣམ་པ་ཕུན་སུམ་ཚོགས་པར་མངོན། མཚོ་མོའི་མཐའ་འཁོར་དུ་རང་བྱུང་གི་རྩྭ་རྩི་ཤིང་སྟུག་ཅིང་སྤང་ལྗོངས་ནི་ལྗང་མདོག་གི་རུ་སྣམ་མམ་ས་གདན་སྟུག་པོ་ཞིག་བཏིང་བ་དང་ཨ་ན་མ་ན་རེད། སྤང་རི་དང་ལུང་གཤོངས་སུ་གཡང་དཀར་ལུག་གི་ཁྱུ་ཚོགས་དཀར་ཐོམ་མེར་ཟས་ལ་རོལ་བ་དང་། ནོར་ནག་གི་རུ་ཁྱུ་ནི་སྐར་ཚོགས་ས་ལ་འཕོས་པ་བཞིན་བག་ཕེབས་ཀྱིས་རྩྭ་ཆུ་ལ་རོལ་བཞིན་མཆིས། "ཡར་འབྲོག"ཅེས་པའི་མིང་གི་དོན་ཡང་གོ་བདེ་བར་བཀྲལ་ན། སྟོད་ཕྱོགས་སུ་ཡོད་པའི་འབྲོག་ས་མཐོ་པོ་ཞེས་པའི་དོན་ལ་འཇུག་ཅིང་། དེ་ནི་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་འཚོ་སྐྱོང་བྱ་སའི་རྩྭ་ཐང་ལེགས་ཤོས་ཀྱི་གཡང་དུ་ཆགས་ཡོད་པ་ར་སྤྲོད་བྱེད་ཐུབ།

དེ་བས་ཀྱང་ཡིད་སྨོན་སྐྱེ་འོས་པ་ཞིག་ལ། ཡར་འབྲོག་གཡུ་མཚོ་ནི་བྱ་དང་ཉ་རིགས་སོགས་ཕྱི་ནང་སྲོག་ཆགས་སྣ་ཚོགས་ཀྱི་བསྟི་གནས་མཆོག་ཏུ་གྱུར་ཡོད། མཚོ་ཡི་ནང་དུ་གླིང་ཕྲན་ཆེ་ཆུང་བཅུ་གྲངས་ཡོད་པ་དེ་དག་ནི་བྱ་རིགས་རྣམས་ཀྱི་ཞིང་ཁམས་རང་རེད། དབྱར་དུས་སླེབས་པ་དང་ངང་པ་མགོ་ཁྲ་དང་། མཚོ་སྐྱར། ཁྲུང་ཁྲུང་དཀར་མོ་སོགས་གནམ་འཕུར་བྱ་ཡི་རིགས་གྲངས་ལས་འདས་པ་ཞིག་འདིར་འཕུར་ཡོང་ནས་སྒོ་ང་གཏོང་བ་དང་བྱ་ཕྲུག་སྐྱེ་འཕེལ་བྱེད་ཀྱི་ཡོད། བྱ་ཁྱུ་རྣམས་ཀྱིས་མཚོ་ཐོག་ཏུ་གཤོག་རྩལ་ངོམ་ཞིང་མགྲིན་པའི་གླུ་དབྱངས་ལེན་པའི་སྣང་བརྙན་ནི་བརྗོད་ཀྱིས་མི་ལང་པ་ཞིག་གོདེ་དང་མཚུངས་པར་ཆུ་ཡི་གཏིང་དུ་ཞེན་ཆེ་བའི་ཡུལ་ཉ་ལ་སོགས་པའི་ཉ་རིགས་དུ་མ་རང་དགར་རྐྱལ་བཞིན་ཡོད་ལ། "ཡར་འབྲོག་གཡུ་མཚོ་ནི་བོད་ཀྱི་ཉ་མཛོད་ཆེན་པོ་རེད།" ཅེས་པའི་ཤོད་སྲོལ་ཡང་མང་ཚོགས་ཀྱི་ཁྲོད་དུ་ཡོངས་སུ་གྲགས། འདི་ནི་རི་ཆུ་ནགས་ཞིང་མཚོ་སོགས་སྐྱེ་ཁམས་མ་ལག་གཅིག་ཏུ་འབྲེལ་བའི་མཛེས་སྡུག་གི་རྣམ་པ་སྐྱོན་བྲལ་དུ་སྣང་བའི་དན་རྟགས་ཤིག་གོ།

མིག་རྒྱང་རིང་པོར་བསྐྱངས་ནས་བལྟས་ཚེ། མཚོ་འགྲམ་དུ་དཔའ་བོ་རྒྱང་ལ་ཆས་པ་ལྟ་བུའི་གནོད་སྦྱིན་གངས་བཟང་སོགས་མུ་འབྲེལ་གྱི་གངས་རི་དཀར་པོ་རྣམས་ཀྱིས་མུ་ཏིག་གི་ཕྲེང་བ་བསྒྲིགས་པ་ལྟར་བསྐོར་ཡོད། དུས་རབས་མང་པོའི་རིང་ལ་གངས་རི་ལས་བཞུར་བའི་བསིལ་ཆུ་དྭངས་མ་རྣམས་ཡར་འབྲོག་གཡུ་མཚོའི་པང་དུ་རྒྱུན་མ་ཆད་པར་འབབ་བཞིན་ཡོད་པས། རྣམ་པར་དཀར་བའི་གངས་རི་དང་གཡུ་མདོག་ཅན་གྱི་མཚོ་མོ་གཉིས་ནི་ཕན་ཚུན་འབྲལ་ཐབས་མེད་པའི་ཟུང་འབྲེལ་གྱི་མཛེས་ཉམས་ཕུལ་དུ་བྱུང་བ་ཞིག་བསྐྲུན་ཡོད།
མདོར་ན། སྤྲིན་གྱི་མཐོངས་སུ་དྭངས་གསལ་གྱིས་ཕྱུག་པའི་གནས་མཆོག་འདིར། དུས་ཚོད་ཀྱི་རྐང་གོམ་ཡང་ལྷོད་པར་བབས་ཏེ། གནས་འདིར་སླེབས་པ་ཙམ་གྱིས་འཇིག་རྟེན་མི་ཡུལ་གྱི་ཟང་ཟིང་དང་རྙོག་འཛིང་ཐམས་ཅད་རྒྱང་རིང་དུ་སྤྱུགས་ནས། སེམས་ཉིད་རང་བྱུང་ཁམས་ཀྱི་པང་དུ་ཤམ་མེར་ཐིམ་པའི་མྱོང་བ་ཟབ་མོ་ཞིག་ངམ་ངམ་ཤུགས་ཀྱིས་སྦྱིན་ཡོང་བས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མང་པོ་ཞིག་འདི་གར་རང་བྱུང་ཁམས་ཀྱིས་སྦྱིན་པའི་སྐྱིད་སྣང་བརྗོད་དུ་མེད་པ་དེ་མྱོང་བར་ཡོང་གི་ཡོད། ཡར་འབྲོག་གཡུ་མཚོ་ནི་རང་བྱུང་བཀོད་པ་པོས་ས་མཐོའི་ཞིང་ཁམས་འདིར་གནང་བའི་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་ཡིན་ལ། འབྱུང་ཁམས་སྣོད་བཅུད་ཀྱི་དོ་མཉམ་ལྡན་ཞིང་མཐོ་སྒང་གི་སྙིང་དབུས་སུ་འོད་སྟོང་འཕྲོ་བའི་སྙན་ངག་གསོན་པོ་ཞིག་དང་ཡང་གཉིས་སུ་མ་མཆིས་སོ།།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འཕྲིན་སྟེགས། weikangba