སྨྱན་མང་གཟུགས་བསླབ་ཆས་ཀྱི་བཟོ་ཐབས་སྐོར་རགས་ཙམ་གླེང་བ།

2016-09-28
144
   དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་སྨྱན་མང་གཟུགས་བསླབ་ཆས་དེ་སློབ་གསོའི་སྤུས་ཚད་མཐོ་རུ་འདེགས་པའི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྨྱན་མང་གཟུགས་བསླབ་ཆས་ཀྱི་ཇུས་བཟོ་བྱ་བ་ནི་རྒྱ་ཆེའི་དགེ་རྒན་རྣམས་ལ་ངེས་པར་དུ་འབྱོར་དགོས་པའི་རྩིས་འཁོར་གྱི་ལག་རྩལ་ཞིག་རེད་བསམ། གཤམ་དུ་རང་ནུས་ཅི་ལྕོགས་ཀྱིས་བདག་དང་བདག་འདྲ་བའི་སློབ་གསོའི་ལས་གནས་དང་པོ་ན་ཡོད་པའི་ལས་གྲོགས་རྣམ་པར་བློ་འདྲིའི་ཚུལ་དང་ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་སྨྱན་མང་གཟུགས་ཀྱི་བསླབ་ཆས་ཇི་ལྟར་བཟོ་བའི་སྐོར་ཏེ་སྨྱན་མང་གཟུགས་བསླབ་ཆས་ཐད་ཀྱི་ངོས་འཛིན་དང་སྨྱན་མང་གཟུགས་བསླབ་ཆས་ཀྱི་དབྱེ་བ། ཁྱད་ཆོས་དང་ཐབས་ཇུས། སྨྱན་མང་གཟུགས་བསླབ་ཆས་བཟོ་བའི་གོ་རིམ་སོགས་རིམ་བཞིན་གླེང་བར་བྱ།
  དང་པོ།  སྨྱན་མང་གཟུགས་བསླབ་ཆས་ཐད་ཀྱི་ངོས་འཛིན།
  ༡ སྨྱན་མང་གཟུགས་བསླབ་ཆས་ཀྱི་རྒྱབ་ལྗོངས།
  རྩིས་འཁོར་རམ་འདེགས་སློབ་ཁྲིད་ལག་རྩལ་དེ་དེང་རབས་སློབ་གསོའི་སློབ་ཁྲིད་ཀྱི་ཁྲོད་དུ་ཡོངས་ཁྱབ་ཀྱིས་བཀོལ་བཞིན་ཡོད་པ་དང༌། རྩིས་འཁོར་རམ་འདེགས་སློབ་ཁྲིད་ལག་རྩལ་ནི་སྲོལ་རྒྱུན་གྱི་སློབ་ཁྲིད་རྒྱུ་ཆ་སྟེ་དཔེར་ན་འདྲ་པར་དང་ཕོག་གྲིབ། སྒྲ། བརྙན་གཟུགས་སོགས་ཆ་འཕྲིན་ཐོན་ཁུངས་ཡོངས་རྫོགས་ཕྱོགས་བསྡུས་ངང་ཟུང་དུ་འབྲེལ་ནས་དེང་རབས་སྨྱན་མང་གཟུགས་ཀྱི་ལག་རྩལ་སྨྱན་འདྲེན་བྱས་ཏེ་སློབ་ཁྲིད་བརྡ་སྤྲོད་བྱ་འགུལ་ལག་བསྟར་བྱེད་པའི་རྣམ་པ་གསར་བ་ཅན་གྱི་སློབ་ཁྲིད་རམ་འདེགས་ལག་རྩལ་ཞིག་ཡིན།ལག་རྩལ་འདིས་བྲོ་མེད་རོ་ཉམས་ཀྱི་སྲོལ་རྒྱུན་སློབ་ཁྲིད་ཁྲོད་ཀྱི་སློབ་ཁྲིད་ནང་དོན་རྙོག་འཛིང་ཅན་དང་སློབ་མས་འགྲོལ་དཀའ་བའི་དོགས་གནད་དག་གསོན་ཉམས་ལྡན་པའི་སྒོ་ནས་སློབ་མའི་མིག་མདུན་དུ་བསྟར་ཐུབ་པས་སློབ་ཁྲིད་ཀྱི་བྱེད་ཐབས་དང་རྣམ་པ་དེ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།སློབ་མའི་མིག་གི་དབང་བོ་དང་རྣ་བའི་དབང་བོ་གཉིས་ཀྱི་ཆ་འཕྲིན་བརྒྱུད་ལམ་གྱི་ཁོད་ཇེ་ཡངས་སུ་བཏང་ཡོད་ལ།འབྲེལ་ལམ་དང་ཕྱོགས་མང་པོ་ནས་སློབ་མས་ཆ་འཕྲིན་སྡུད་ལེན་ལ་ཕན་པ་ཆེན་པོ་བྱུང་བ་དང་མཉམ་དུ་ཤེས་ཡོན་གྱི་བོགས་བསྐྱེད་པར་ཤུགས་བསྩལ་པས་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱས་ཡོད་ལ་སློབ་ཁྲིད་ཀྱི་སྤུས་ཚད་ཡང་མཐོར་འདེགས་སུ་བཏང་ཡོད།སྨྱན་མང་གཟུགས་བསླབ་ཆས་ནི་རྩིས་འཁོར་བེད་སྤྱོད་ཀྱི་ཁྱབ་ཁོངས་གསར་བ་ཞིག་དང་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པ་མ་ཟད།སློབ་གསོའི་ལག་རྩལ་གསར་བ་ཞིག་དང་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཞིག་ཀྱང་ཡིན།དེའི་ཐད་མཐོང་རང་བཞིན་དང་བབ་བསྟུན་རང་བཞིན།བརྡ་སྤྲོད་རང་བཞིན་སོགས་ཀྱི་ཁྱད་ཆོས་དེས་དགེ་རྒན་དང་སློབ་མའི་བར་གྱི་ཤེས་བྱ་བརྡ་སྤྲོད་དང་ཟུང་འབྲེལ་གྱི་ཐད་ལ་ནུས་པ་ལྡན་པའི་གར་སྟེགས་རྣལ་མ་ཞིག་བསྐྲུན་ཡོད།ལག་རྩལ་འདིས་ཕུན་སུམ་ཚོགས་པའི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་ཐུབ་པ་བྱུང་ཡོད་ལ་སློབ་ཁྲིད་ཀྱི་དུས་ཚོད་དང་བར་ཐག་གི་སྦྲེལ་མཐུད་རང་བཞིན་མཐོར་འདེགས་གང་ལེགས་བྱས་ཡོད་པས་སློབ་ཁྲིད་སྐབས་ཀྱི་ཆ་འཕྲིན་བརྡ་སྤྲོད་ཀྱི་ཕན་ནུས་རང་བཞིན་བླ་ལྷག་གིས་འབུར་དུ་ཐོན་ཡོད།སྨྱན་མང་གཟུགས་རམ་འདེགས་སློབ་ཁྲིད་ཀྱི་བྱེད་ཐབས་དང་ཐབས་ལམ་དེ་བྱེ་བྲག་ཏུ་སྨྱན་མང་གཟུགས་བསླབ་ཆས་བཀོལ་སྤྱོད་ཅི་ལྟར་བྱེད་པའི་སྟེང་མངོན་དགོས་པ་ཡིན།
  ༢ སྨྱན་མང་གཟུགས་བསླབ་ཆས་ཀྱི་གོ་དོན།
  སྤྱིར་བཏང་དུ་བཤད་པའི་སྨྱན་མང་གཟུགས་བསླབ་ཆས་ནི་སློབ་ཁྲིད་སྐབས་སུ་སློབ་མས་རྟོགས་དཀའ་བ་དང༌།རྙོག་འཛིང་ཅན།མངོན་སུམ་གྱིས་མཐོང་རྒྱུ་མེད་པའི་སློབ་ཁྲིད་ཀྱི་ནང་དོན་དེ་དགེ་རྒན་གྱིས་ངག་ཐོག་གི་སྐད་ཆ་དང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་བརྗོད་དཀའ་བའི་གནད་དོན་དང་མིག་དབང་གིས་འཛིན་དཀའ་བའི་འགུལ་སྣང་གི་སློབ་ཁྲིད་ཀྱི་ནང་དོན་དེ་ཡི་གེ་དང་རིས་དབྱིབས།སྒྲ།འགུལ་རིས་དང་བརྙན་རིས་སོགས་སྨྱན་མང་གཟུགས་ཀྱི་རྒྱུ་ཆ་རྣམས་གཞི་གཅིག་ཏུ་བསྡུས་པའི་སློབ་ཁྲིད་ཀྱི་མཉེན་ཆས་ཞིག་ལ་ཟེར།ད་སྔ་རང་རིགས་ལ་མཚོན་ན་སྨྱན་མང་གཟུགས་བསླབ་ཆས་ལ་དཔེ་སྟོན་བསླབ་ཆས་དང་བརྙན་དཔེ་བསླབ་ཆས། སློབ་ཁྲིད་མཉེན་ཆས་དང༌།ཁྲིད་ཆས་སོགས་མིང་མང་པོ་ཞིག་བཏགས་ཡོད་ལ་ངེས་གཏན་གྱི་མིང་ཞིག་གཏན་འཁེལ་བྱས་མེད།སྨྱན་མང་གཟུགས་བསླབ་ཆས་ཀྱི་ཁྱད་ཆས་གཙོ་བོ་ནི་ཕན་ཚུན་བར་བརྡ་སྤྲོད་རང་བཞིན་ལྡན་པ་དེ་ཡིན།ང་ཚོས་དུས་རྒྱུན་དུ་ལྟ་བའི་བརྙན་འཕྲིན་ལེ་ཚན་དང་གློག་བརྙན།བརྙན་གཟུགསVCDདངDVDའོད་སྡེར་སོགས་ནི་ཆ་འཕྲིན(ཡི་གེ་དང་བརྙན་རིས། འགུལ་རིས་དང་སྒྲ)མང་པོ་འདུས་ནས་གྲུབ་པའི་བརྙན་གཟུགས་ཡིན།དེ་ནི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པས་བསྒྲིགས་ཟིན་པའི་ལེ་ཚན་ཡིན་ལ་དེ་ལ་ཉན་པ་དང་ལྟ་བ་ཙམ་ལས་དེའི་ནང་དུ་ཞུགས་མི་ཐུབ།དེ་ལ་གོ་རིམ་ལྟར་གཏོང་བ་ཟེར།སྨྱན་མང་གཟུགས་བསླབ་ཆས་ནི་དེ་དང་མི་འདྲ་ལ་བཀོལ་སྤྱོད་མཁན་དེའི་ནང་དུ་ཞུགས་ཆོག་པ་དང་བེད་སྤྱོད་ཀྱིས་གོ་རིམ་ཧྲིལ་བོར་བཀོད་འདོམས་བྱེད་ཐུབ་པ་དང་མགོ་རྔ་བརྗེས་ཏེ་གོ་རིམ་ངེས་མེད་ཀྱིས་བཏང་ཆོགབེད་སྤྱོད་དེར་ཕན་ཚུན་བརྡ་སྤྲོད་པ་ཟེར།ཕན་ཚུན་བརྡ་སྤྲོད་པའི་རང་བཞིན་ནི་བརྙན་གཟུགས་བརྩམས་ཆོས་དང་སྨྱན་མང་གཟུགས་བརྩམས་ཆོས་ཀྱི་ཁྱད་པར་གཙོ་བོ་ཡིན།ཟུར་གཞན་ཞིག་ནས་བརྗོད་ན་སྨྱན་མང་གཟུགས་བརྩམས་ཆོས་ནི་མཁྲེགས་ཆས་དང་མཉེན་ཆས།བཀོལ་སྤྱོད་མཁན་ཞུགས་ནས་ཐུན་མོང་གིས་མངོན་འགྱུར་བྱེད་དགོས་པ་ཞིག་ཡིན།
  ༣ སྨྱན་མང་གཟུགས་བསླབ་ཆས་ཐད་ཀྱི་ལྟ་ཚུལ།
  མིག་སྔར་དགེ་རྒན་མང་ཆེ་བས་སྨྱན་མང་གཟུགས་བསླབ་ཆས་བཀོལ་ནས་སློབ་ཁྲིད་ལ་རམ་འདེགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་མོད།དོན་དངོས་ཀྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་སྨྱན་མང་གཟུགས་བསླབ་ཆས་ཐད་ལ་ངོས་འཛིན་དང་བེད་སྤྱོད་སོགས་ཀྱི་གནད་དོན་མང་པོ་ལྡན།སྨྱན་མང་གཟུགས་ཀྱི་བསླབ་ཆས་ཅི་ལྟར་ཡང་དག་པའི་སྒོ་ནས་བེད་སྤྱོད་གཏོང་བའི་སྐོར་ལ་གཤམ་གྱི་ཕྱོགས་རིས་ཀྱི་ལྟ་ཚུལ་གཉིས་མཆིས་ཏེ།
  ༡ སྨྱན་མང་གཟུགས་བསླབ་ཆས་བཀག་སྡོམ་གྱི་ལྟ་ཚུལ།ལྟ་བ་འདི་ཡོད་པའི་མིས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དེ་སྨྱན་མང་གཟུགས་བཀོལ་ནས་སློབ་ཁྲིད་བྱེད་སྟངས་ལས་སྟབས་བདེ་བར་འདོད།སྨྱན་མང་གཟུགས་བསླབ་ཆས་བཀོལ་སྐབས་བེད་སྤྱོད་དཀའ་བ་དང༌།ནོར་འཁྲུལ་འབྱུང་བར་སེམས་ཁྲལ་བྱེད་པ།སློབ་ཁྲིད་ཀྱི་དུས་ཚོད་འགོར་བར་སྐྲག་པ།སྨྱན་མང་གཟུགས་སློབ་ཁྲིད་བྱེད་པ་ནི་ཚུགས་ཀ་སྟོན་པ་ཙམ་ཡིན་པར་འདོད་པ་དང༌།ས་སྨྱུག་རྐང་གཅིག་གིས་ཀྱང་སློབ་ཁྲིད་བྱེད་ཐུབ་པར་བསམ་པའི་ཕྱོགས་ལྷུང་གི་ལྟ་ཚུལ།
  ༢ སྨྱན་མང་གཟུགས་བསླབ་ཆས་ཡོངས་ཁྱབ་ཏུ་སྤྱོད་པའི་ལྟ་ཚུལ།ལྟ་བ་འདི་ཡོད་པའི་མིས་སྨྱན་མང་གཟུགས་བསླབ་ཆས་ཀྱི་ཕན་ནུས་དེ་དོན་དངོས་ལས་འདའ་བའི་འུད་བསྟོད་བྱེད་པ་དང༌།སློབ་ཁྲིད་ཡོངས་རྫོགས་སྨྱན་མང་གཟུགས་བསླབ་ཆས་ཀྱིས་བྱེད་ཆོག་པའི་ལྟ་བ་དང་སྨྱན་མང་གཟུགས་བསླབ་ཆས་ནི་སློབ་ཐུན་གཅིག་གི་དཀྱིལ་སྙིང་དུ་བཟུང་སྟེ་སྲོལ་རྒྱུན་ཀྱི་སློབ་ཁྲིད་རྣམ་པ་དང་སློབ་ཁྲིད་བྱེད་ཐབས་དེ་གཏན་ནས་མི་དགོས་པར་སེམས།དཔེར་ན་སློབ་གྲྭ་ལ་ལས་སློབ་ཁྲིད་འགྲན་སྡུར་སྐབས་སུ་སྨྱན་མང་གཟུགས་བསླབ་ཆས་མ་བཀོལ་ན་སྐར་གྲངས་མི་ཐོབ་པའི་ཐལ་དྲགགས་པའི་བྱ་སྤྱོད་ཡང་དངོས་སུ་འབྱུང་བཞིན་ཡོད།ལྟ་བ་འདི་ཡོད་པའི་མཇུག་འབྲས་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་སྨྱན་མང་གཟུགས་བསླབ་ཆས་གཅིག་པུར་བརྟེན་ནས་ཁྲིད་དགོས་པ་དང་དགེ་རྒན་དང་སློབ་མ་ནི་སྨྱན་མང་གཟུགས་བསླབ་ཆས་ཀྱི་རྗེས་ཁོ་ནར་འབྲང་བ་ལྟ་བུར་གྱུར་བའི་སྣང་ཚུལ་ཡང་ཡོད། སློབ་མའི་གསོན་ཉམས་ལྡན་པའི་སློབ་སྦྱོང་གི་བརྒྱུད་རིམ་དེ་རྩིས་འཁོར་བྱ་རིམ་གྱིས་བདག་ཏུ་བཟུང་ཡོད། དེ་བས་སྨྱན་མང་གཟུགས་བསླབ་ཆས་ནི་ངེས་པར་དུ་སློབ་མས་ཤེས་བྱ་རྟོགས་པར་ཕན་དགོས་པ་དང་མཉམ་དུ་དགེ་རྒན་གྱི་སློབ་ཁྲིད་བྱེད་པ་ལའང་རམ་འདེགས་ཐུབ་དགོས།
  གཉིས་པ། སྨྱན་མང་གཟུགས་བསླབ་ཆས་ཀྱི་དབྱེ་བ།
  དང་པོ། སྨྱན་མང་གཟུགས་བསླབ་ཆས་གསར་སྤེལ་དང་བཀོལ་སྤྱོད་ཀྱི་ཐད་ནས་རིགས་གཉིས་ལ་དབྱེ་ཆོག
  ༡ ཆེད་ལས་གསར་སྤེལ་རྩ་འཛུགས་བྱས་ཏེ་སློབ་ཁྲིད་ཀྱི་དམིགས་ཚད་དང་ནང་དོན་ངེས་ཅན་ཞིག་གཞིར་བཟུང་ནས་གསར་སྤེལ་བྱས་པའི་གསལ་སྟོན་ཡིག་རིགས་ཀྱི་ལས་སྟེགས་དེ་ཡིན།རིགས་འདིའི་སྐོར་གྱི་སྨྱན་མང་གཟུགས་བསླབ་ཆས་ནི་བཀོལ་སྤྱོད་རང་བཞིན་ཧ་ཅང་རྒྱ་ཆེ།འདིས་སྤྱིར་བཏང་གི་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་ཐུབ་པ་ཡིན།
  ༢ མི་སྒེར་གྱིས་སློབ་གསོ་པའི་སློབ་ཁྲིད་སྐབས་ཀྱི་ཇུས་བཟོ་དང་འབྲེལ་ཡོད་རེ་འདུན་གཞིར་བཟུང་ནས་ཇུས་བཟོ་བྱས་པའི་གསལ་སྟོན་འགུལ་རིས་དེ་ཡིན།འདིའི་སྐོར་གྱི་སྨྱན་མང་གཟུགས་བསླབ་ཆས་ལ་རང་རྐྱ་འཕེར་བའི་ཁྱད་ཆོས་ལྡན་པས་བྱེ་བྲག་གི་ཁ་གཏད་རང་བཞིན་གྱི་སློབ་ཁྲིད་དགོས་མཁོ་དང་འཚམ་པ་ཡིན།
  གཉིས་པ། སྨྱན་མང་གཟུགས་བསླབ་ཆས་ཀྱི་གསལ་སྟོན་དང་སྒྲིག་གཞིའི་ཐད་ནས་རིགས་གསུམ་ལ་དབྱེ་ཆོག
  ༡ གཏན་འཇགས་ཅན་གྱི་སྨྱན་མང་གཟུགས་བསླབ་ཆས།དེ་ནི་གཏན་འཇགས་ཀྱི་མཉེན་ཆས་སྟེང་ནས་གསར་སྤེལ་ལེགས་འགྲུབ་བྱེད་པ་ཞིག་ཡིན།ཁྲིད་སྟོན་སྐབས་སུ་ལས་སྟེགས་དེ་དང་ཁ་བྲལ་མི་ཆོག་ལ།འདིའི་རིགས་ཀྱི་སྨྱན་མང་གཟུགས་བསླབ་ཆས་ནི་སྒྲིག་གཞི་ཆ་ཚང་ལ་དགེ་རྒན་གྱིས་ནང་གི་སྒྲིག་གཞི་དང་རྒྱུ་ཆའི་(གཙོ་བོར་གཟུགས་དང་སྒྲའི་ཡིག་ཆ)ཁྱད་ཆོས་དང་འགྱུར་ལྡོག་ལ་རྩོམ་སྒྲིག་བྱེད་མི་ཆོག
  ༢ སྡེབ་སྒྲིག་ཅན་གྱི་སྨྱན་མང་གཟུགས་བསླབ་ཆས།རང་རྐྱ་འཕེར་བའི་གསལ་སྟོན་གྱི་འགུལ་རིས་ཚན་པ་ཐུང་ངུ་རེ་བཟོས་ནས་སློབ་ཁྲིད་ཀྱི་དགོས་མཁོ་མི་འདྲ་བ་གཞིར་བཟུང་ནས་རྩོམ་སྒྲིག་དང་སྡེབ་སྒྲིག་བྱེད་ཆོག་ལ་དགེ་རྒན་གྱིས་ཚན་པའི་ནང་གི་རྒྱུ་ཆ་ལ་གང་འདོད་ལྟར་རྩོམ་སྒྲིག་དང་བཟོ་བཅོས་བྱེད་མི་ཆོག
  ༣ རང་དབང་ཅན་གྱི་སྨྱན་མང་གཟུགས་བསླབ་ཆས།དེ་ནི་ངེས་གཏན་གྱི་གསར་སྤེལ་ལས་སྟེགས་སྟེང་རང་དབང་ལྡན་པའི་སྒོ་ནས་ཇུས་འགོད་དང་རྩོམ་སྒྲིགསྙོམ་སྒྲིགགསལ་སྟོན་བྱེད་ཆོག་པ་དང་གོ་རིམ་ཡོངས་ལ་རང་རྐྱ་འཕེར་པ་དང་རང་དབང་ཆེ་བའི་རང་བཞིན་ཡོད།འདིའི་རིགས་ཀྱི་སྨྱན་མང་གཟུགས་བསླབ་ཆས་ལ་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་རིག་ལམ་དང་བབ་བསྟུན་གྱི་རང་བཞིན་ཆེན་པོ་ལྡན། དེའི་སྒྲིག་གཞི་དང་ནང་གི་རྒྱུ་ཆ་ཚང་མར་ཡང་བསྐྱར་རྩོམ་སྒྲིག་བྱེད་ཆོག་པས་རང་དབང་ཅན་གྱི་སྨྱན་མང་གཟུགས་བསླབ་ཆས་ཀྱི་ཁྱད་ཆོས་ཅུང་གསལ།དགེ་རྒན་གྱིས་སློབ་ཁྲིད་ཀྱི་རེ་འདུན་གསལ་བོར་མངོན་ཐུབ་ལ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དུ་བདེ་བླགས་ངང་ཞུགས་ཐུབ།སློབ་ཁྲིད་ཀྱི་དུས་ཚོད་དང་ས་གནས་ལ་ནུས་པ་ལྡན་པའི་ཞབས་འདེགས་དང་རྒྱབ་སྐྱོར་བྱེད་ཐུབ།
  གསུམ་པ།  སྨྱན་མང་གཟུགས་བསླབ་ཆས་ཀྱི་ཁྱད་ཆོས།
  སྨྱན་མང་གཟུགས་བསླབ་ཆས་ལ་སྤྱིར་བཏང་གི་སློབ་ཁྲིད་བྱེད་ཐབས་ལ་ལྡན་པའི་ཁྱད་ཆོས་ལས་གཞན་ད་རུང་གཤམ་གྱི་ཁྱད་ཆོས་འགའ་ལྡན་ཏེ།
  ༡ འོས་འཚམ་གྱིས་སྙོམས་ངོས་འགུལ་རིས་དང་ལངས་གཟུགས་འགུལ་རིས་སྣ་ཚོགས་བཀོལ་སྤྱོད་བྱས་ན་སྲོལ་རྒྱུན་སློབ་ཁྲིད་ཀྱི་མི་འདང་སར་ཁ་སྐོང་བྱེད་ཐུབ།སྲོལ་རྒྱུན་སློབ་ཁྲིད་ཁྲོད་སྙོམས་ངོས་འགུལ་རིས་དང་ལངས་གཟུགས་འགུལ་རིས་བཀོལ་ནས་གསལ་སྟོན་བྱེད་དགོས་པའི་སློབ་ཁྲིད་ཀྱི་ནང་དོན་གང་མང་ཞིག་ལ་འཕྲད་སྲིད་པས་སྨྱན་མང་གཟུགས་བསླབ་ཆས་དེ་ཆེས་དགོས་མཁོ་ཡོད་པའི་གནད་འགག་འདིའི་སྐབས་སུ་བཀོལ་འོས་ཤིང༌།སྲོལ་རྒྱུན་གྱི་སློབ་ཁྲིད་ལ་མེད་པའི་ཁྱད་ཆོས་དེ་གང་ལེགས་ཀྱིས་སྤྱོད་དགོས་པ་དང་མཉམ་དུ་དུས་བསྟུན་རང་བཞིན་དང་འོས་འཚམ་རང་བཞིན་ལ་དམིགས་ན་ད་གཟོད་སློབ་ཁྲིད་ཀྱི་རེ་འདུན་དང་ཟུང་འབྲེལ་བྱེད་ཐུབ།
  ༢ སྨྱན་མང་གཟུགས་བསླབ་ཆས་ཀྱི་གསལ་སྟོན་དེ་སློབ་མའི་བསམ་གཞིག་དང་བསྟུན་དགོས་ལ་བསམ་གཞིག་གི་གོ་རིམ་ལྟར་གསལ་སྟོན་བྱེད་དགོས། སྨྱན་མང་གཟུགས་བསླབ་ཆས་བཀོལ་ནས་སློབ་ཁྲིད་ལ་རམ་འདེགས་བྱེད་ན་སློབ་མར་བླ་ལྷག་གི་ནུས་པ་ཐོན་པ་མངོན་གསལ་ཡིན་མོད།འོན་ཀྱང་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་བསམ་གཞིག་གི་ཚབ་བྱེད་མི་ཐུབ། དེའི་ཕྱིར་སློབ་མར་བསམ་གཞིགས་ཀྱི་སྡོམ་ཚིག་ངེས་ཅན་ཐོབ་པའི་རྨང་གཞིའི་སྟེང་གསལ་སྟོན་བྱས་ན་འོས།
  ༣ ཅི་ཐུབ་ཀྱིས་འགྲོལ་ཐབས་སྣ་མང་གི་རིག་ལམ་མཁོ་འདོན་བྱེད་དགོས།སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་སློབ་ཁྲིད་ཀྱི་སྐབས་སུ་འགྲོལ་ཐབས་སྣ་མང་གི་བླང་བྱ་ཧ་ཅང་མཐོ།སྨྱན་མང་གཟུགས་བསླབ་ཆས་སྤྱད་ན་སློབ་མའི་རིག་ལམ་ཡང་དག་ཡིན་མིན་ཞིབ་བཤེར་བྱེད་ཐུབ་པ་མ་ཟད་དུས་ཡུན་ཐུང་ངུ་ནང་དུའང་རིག་ལམ་མམ་འགྲོལ་ཐབས་གཞན་པ་མང་པོ་ཞིག་མགྱོགས་མྱུར་ངང་གསལ་སྟོན་བྱེད་ཆོགདེ་བས་སློབ་མའི་སློབ་སྦྱོང་གི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཡང་མཐོ་རུ་འདེགས་ཐུབ།
  ༤ སྨྱན་མང་གཟུགས་བསླབ་ཆས་ཀྱིས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པ་འོས་འཚམ་ཡིན་དགོས། སྨྱན་མང་གཟུགས་བསླབ་ཆས་རེར་སྒྲ་དང་རིས་དབྱིབས། རི་མོ། ཡི་གེ འགུལ་རིས།  ཚོན་མདོགབརྙན་གཟུགས་སོགས་སྨྱན་མང་གཟུགས་བསླབ་ཆས་ཀྱི་རྒྱུ་ཆ་མང་པོ་འདུས་ལ་རྒྱུ་ཆ་འདི་དག་རང་རྐྱ་འཕེར་བའི་སྒོ་ནས་བརྒྱུད་སྤྲོད་བྱེད་ན་ཆོག་མོད།འོན་ཀྱང་འདི་ལྟར་བརྒྱུད་སྤྲོད་བྱེད་པའི་ཆ་འཕྲིན་དག་ནི་རང་རྐྱ་འཕེར་ལ་འབྲེལ་བ་མེད་པ་དང༌། ཤུགས་རྐྱེན་མེད་པའི་བརྡ་རྟགས་ཡིན་པས།སྟབས་བདེ་ཞིང་ཤུགས་རྐྱེན་མེད་པའི་བརྡ་རྟགས་ཀྱིས་སློབ་མར་ཡང་དག་པའི་སྒོ་ནས་ཤེས་རྟོགས་དང་བསམ་གཞིག་གཏོང་བར་མི་ཕན།དེའི་ཕྱིར་སློབ་ཁྲིད་ཀྱི་རྒྱུ་ཆ་འདི་དག་འོས་མཐུན་གྱིས་ཕྱོགས་བསྡུས་དང་ལེགས་སྒྲིག་བྱས་ན་ད་གཟོད་སྣ་གཅིག་ལས་བརྒལ་ནས་སྣ་མང་ཕྱོགས་བསྡུས་ཀྱི་བྱེད་ནུས་ཐོན་ཐུབ། ཡང་ཅིག་བཤད་ན་སྨྱན་མང་གཟུགས་བསླབ་ཆས་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་ཁྲིད་ཀྱི་དམིགས་ཡུལ་དང་སློབ་ཁྲིད་ཀྱི་ནང་དོན་དེ་དཀྱིལ་སྙིང་དུ་འཛིན་དགོས། ཆེ་ཕྱོགས་ནས་བལྟས་ན་ནང་གི་རྒྱུ་ཆ་འོས་འཚམ་གྱིས་བཀོད་སྒྲིག་བྱས་ན་ད་གཟོད་སློབ་མའི་ཡིད་སེམས་འགུག་ཐུབ་པ་དང་སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་དེ་བདེ་བླགས་ངང་ཐག་གཅོད་བྱེད་ཐུབ།དེ་དང་མཉམ་དུ་ནུས་པ་ལྡན་པའི་སྒོ་ནས་རིས་དབྱིབས་དང་སྒྲ་སོགས་མི་དགོས་པའི་རྒྱུ་ཆ་མངོན་པར་སྔོན་འགོག་བྱེད་ཐུབ་ལ་སློབ་ཁྲིད་ལའང་བར་ཆད་མི་བཟོ།
  ༥ སྨྱན་མང་གཟུགས་བསླབ་ཆས་ཀྱི་སྒྲིག་གཞི་དང་ནང་དོན།རྣམ་པ་གང་གི་ཐད་ནས་ཀྱང་ཅི་ནུས་སྒོས་བབ་བསྟུན་རང་བཞིན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།འདི་ལྟར་བྱས་ན་ད་གཟོད་དགེ་རྒན་དང་སློབ་མའི་བར་ཕན་ཚུན་བརྡ་སྤྲོད་པའི་ནུས་པ་གང་ལེགས་ཀྱིས་མངོན་འགྱུར་བྱེད་ཐུབ།འདྲ་མཉམ་གྱིས་བརྡ་སྤྲོད་པའི་གོ་རིམ་ཁྲོད་དུ་སློབ་མ་ནི་སློབ་སྦྱོང་གི་བདག་པོ་ངོ་མར་འགྱུར་དགོས་པ་ལས་བཙན་ཤུགས་ཀྱིས་སློབ་ཁྲིད་བརྒྱུད་རིམ་ནང་དུ་འཇུག་མི་རུང༌།ཐ་ན་སྨྱན་མང་གཟུགས་བསླབ་ཆས་ཀྱི་རྗེས་འབྲང་གཡོག་པོ་ལྟ་བུར་དེ་བས་ཀྱང་འགྱུར་མི་རུང༌།
  བཞི་བ། སྨྱན་མང་གཟུགས་བསླབ་ཆས་ཀྱི་ཇུས་འགོད་དང་བེད་སྤྱོད་ཀྱི་ཐབས་ཇུས།
  སྨྱན་མང་གཟུགས་བསླབ་ཆས་རང་སྟེང་གི་ཁྱད་ཆོས་གཞིར་བཟུང་ནས་འོས་མཐུན་གྱིས་ཇུས་འགོད་བྱས་ན་ད་གཟོད་སྨྱན་མང་གཟུགས་བསླབ་ཆས་ཀྱི་དགེ་མཚན་དང་ཁྱད་ནུས་དེ་གང་ལེགས་ངང་འདོན་ཐུབ།དེའི་ཕྱིར་སྨྱན་མང་གཟུགས་བསླབ་ཆས་ཇུས་འགོད་དང་བེད་སྤྱོད་བྱེད་སྐབས་གཤམ་གྱི་ཐབས་ཇུས་འདི་དག་ལ་མཉམ་འཇོག་བྱ་དགོས།
  གཅིག སྒྱུ་རྩལ་རང་བཞིན་དང་སྤྱོད་སྒོ་རང་བཞིན་ཟུང་འབྲེལ་གྱི་ཐབས་ཇུས།
  སྨྱན་མང་གཟུགས་བསླབ་ཆས་ལ་བརྟེན་ནས་སློབ་མས་དགེ་རྒན་གྱི་སློབ་ཁྲིད་དགོངས་དོན་ཉམས་སུ་མྱོང་ཐུབ་དགོས་པ་མ་ཟད་ད་དུང་བརྙན་གཟུགས་བརྩམས་ཆོས་ཀྱིས་སྤྲས་པའི་སྒྱུ་རྩལ་ལ་རོལ་མྱོང་བྱེད་ཀྱང་ཆོགསྨྱན་མང་གཟུགས་བསླབ་ཆས་རེ་རེ་ནི་གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་བརྩམས་ཆོས་རེ་རེ་ཡིན་དགོས་ལ།ཕུལ་བྱུང་གི་སྨྱན་མང་གཟུགས་བསླབ་ཆས་ཞིག་ཡིན་ན་སློབ་མའི་ཡིད་སེམས་ཅིག་ཅར་དུ་འགུག་དགོས།སྨྱན་མང་གཟུགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མའི་ཆ་འཕྲིན་བརྒྱུད་ལམ་ཁོད་ཇེ་ཡངས་དང་སློབ་མའི་བསམ་གཞིག་ལ་ནུས་ལྡན་གྱི་འཆར་སྒོ་དང་ཕུན་སུམ་ཚོགས་པའི་བློ་སྒོ་འབྱེད་ཐབས་གང་ལེགས་འདོན་སྤེལ་བྱས་ནས་སློབ་མའི་སློབ་སྦྱོང་གི་དགའ་སྣང་ཆེ་རུ་གཏོང་དགོས།སྨྱན་མང་གཟུགས་བསླབ་ཆས་ཀྱི་འཆར་ངོས་དང་ཆགས་ཚུལ།ཚོན་མདོག་སྡེབ་སྟངས་སོགས་ངེས་པར་དུ་ཡང་དང་ཡང་དུ་ཇུས་འགོད་བྱས་ཏེ་ཡག་སྣང་གི་རེ་འདུན་དང་མཐུན་པར་བྱ་དགོས།ང་ཚོས་སྨྱན་མང་གཟུགས་བསླབ་ཆས་ཇུས་འགོད་དང་བེད་སྤྱོད་སྐབས་སྨྱན་མང་གཟུགས་བསླབ་ཆས་ཀྱི་སྤྱོད་སྒོ་རང་བཞིན་ལ་དོ་སྣང་ཆེན་པོ་བྱ་དགོས།སྨྱན་མང་གཟུགས་བསླབ་ཆས་ནི་སློབ་ཁྲིད་ཀྱི་ནང་དོན་དེ་དགེ་སློབ་ཕན་ཚུན་བར་བརྡ་སྤྲོད་བྱེད་ཅིག་ཡིན་པའི་ཆ་ནས་དེའི་རིན་ཐང་གཙོ་བོའང་སློབ་ཁྲིད་ལ་ཞབས་འདེགས་ཞུ་བའི་གནད་འདིའི་སྟེང་སླེབས་དགོས་པར་སེམས།དཔེར་ན་ལངས་གཟུགས་རིས་དབྱིབས་སློབ་ཁྲིད་བྱེད་སྐབས་དྲང་ཟུར་ཟུར་གསུམ་དབྱིབས་ཤིག་གི་དྲང་ཟུར་མཐའ་དེད་ནས་འཁྱིལ་འཁོར་བྱས་ན་རིས་དབྱིབས་ཅི་ཞིག་ཐོབ་ཐུབ་ཅེས་པ་ལྟ་བུ་སློབ་མར་དྲིས་ཚེ་སློབ་མར་དཀའ་ཁག་བཟོས་ཡོད། དེའི་སྐབས་སུ་སྨྱན་མང་གཟུགས་བསླབ་ཆས་ཀྱི་ལམ་ནས་འགུལ་རིས་ཀྱི་ཚུལ་དུ་ནང་དོན་དེ་གསལ་བོར་བསྟན་ན་སློབ་མས་བསམ་གཞིག་གཏོང་བར་རམ་འདེགས་མི་དམན་པ་བྱེད་ཐུབ་སྙམ།
  གཉིས་པ།  སྤྱི་མཚན་རང་བཞིན་དང་ཐད་མཐོང་རང་བཞིན་ཟུང་འབྲེལ་གྱི་ཐབས་ཇུས།
  སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསམ་གཞིག་གི་ཁྱད་ཆོས་གཙོ་བོ་ནི་ཐད་མཐོང་རང་བཞིན་ནས་སྤྱི་མཚན་རང་བཞིན་དུ་རིམ་པར་འགྱུར་པའི་སྐབས་ཡིན་ལ།སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་འདིར་གཞིགས་ནས་དགེ་རྒན་གྱིས་སྨྱན་མང་གཟུགས་བསླབ་ཆས་བཟོ་སྐབས་ཡི་གེ་དང་པར་རིས་བར་གྱི་སྡེབ་སྒྲིག་འབྲེལ་བར་མཉམ་འཇོག་བྱེད་དགོས་པ་དང་སྨྱན་མང་གཟུགས་བསླབ་ཆས་ཀྱིས་སློབ་མར་ཐེབས་པའི་ཤུགས་རྐྱེན་ཚད་སོགས་ཀྱི་གནད་དོན་ལའང་སྣང་འཇོག་བྱེད་དགོས།འགུལ་རིས་ཀྱི་གསལ་སྟོན་མང་ན་ཚད་ངེས་ཅན་ཞིག་གི་ཐད་ནས་སློབ་སྦྱོང་ལ་ཡར་སྐུལ་དང་སྤྲོ་སྣང་བསྐྱེད་པར་ཕན་ཐོགས་མོད།མང་དྲགས་ན་དེ་ལས་ལྡོག་པའི་འབྲས་བུའང་འབྱུང་སྲིད།རྩ་བའི་ཐད་ནས་བཤད་ན་སྨྱན་མང་གཟུགས་བསླབ་ཆས་ཀྱིས་སློབ་མའི་རང་འགུལ་གྱི་བསམ་གཞིག་གི་ཚབ་བྱེད་མི་ཐུབ་པས་སློབ་ཁྲིད་ཀྱི་སྐབས་སུ་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་འཐོན་དགོས་པར་སེམས།སློབ་མའི་རྟོགས་དཀའ་བའི་སྤྱི་མཚན་རང་བཞིན་གྱི་གནད་དོན་དེ་སྨྱན་མང་གཟུགས་ཀྱི་ལམ་ནས་ཐད་མཐོང་ཅན་དུ་བསྒྱུར་དགོས།དཔེར་ན་སློབ་ཆུང་གི་གྲངས་རིག་ཁྲོད་དུ།སྒོར་དབྱིབས་ཀྱི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་གི་འབྲེལ་བ་ཞེས་པ་སློབ་ཁྲིད་བྱེད་སྐབས་སྨྱན་མང་གཟུགས་བསླབ་ཆས་ཀྱི་ལམ་ནས་སློབ་མས་གསར་རྟོགས་བྱུང་པར་ཞིབ་བཤེར་བྱས་ཏེ་སྒོར་དབྱིབས་ཀྱི་མཐའ་འཁོར་རིང་ཚད་ནི་ཚངས་ཐིག་གི་ལྡབ་གསུམ་ལྷག་ཡིན་པ་རྟོགས་སུ་འཇུག་དགོས།སྨྱན་མང་གཟུགས་བསླབ་ཆས་ད་དུང་རྒྱུན་ལྡན་གྱི་སློབ་ཁྲིད་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་འགྲེམ་སྟོན་བྱེད་ཆོགདཔེར་ན་སའི་གོ་ལ་དང་ཉི་མ།ཟླ་བ་སོགས་སྐར་ཁྱིམ་གྱི་འགུལ་སྐྱོད་གནས་ཚུལ་ཁྲིད་སྐབས་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ཡིན་ན་འདྲ་པར་དང་འདྲ་རིས་བཀོལ་ནས་སློབ་ཁྲིད་བྱ་དགོས་པ་དང་སྨྱན་མང་གཟུགས་བསླབ་ཆས་བཀོལ་ན་སྐར་ཁྱིམ་གྱི་འགུལ་སྐྱོད་གནས་ཚུལ་དེ་འགུལ་རིས་ཀྱི་རྣམ་པས་སློབ་མའི་མིག་ལམ་དུ་སྟོན་ཐུབ་པ་དང་ནང་དོན་དེ་ཐད་མཐོང་ཅན་དུ་བསྒྱུར་ཐུབ་པས་སློབ་ཁྲིད་ཀྱི་ནང་དོན་གོ་བར་བླ་ལྷག་གི་ནུས་པ་ཐོན་ཐུབ།
  གསུམ་པ། སྤྲོ་སྣང་རང་བཞིན་དང་བབ་བསྟུན་རང་བཞིན་ཟུང་འབྲེལ་གྱི་ཐབས་ཇུས།
  རྩིས་འཁོར་ནི་ངོ་མཚར་ཆེ་བའི་སྒྱུ་འཕྲུལ་ཞིག་མིན་པར་དགེ་རྒན་ནི་ད་གཟོད་སྒྱུ་མ་མཁན་ངོ་མ་ཡིན།དགེ་རྒན་གྱིས་སློབ་མའི་ཁྱད་ཆོས་དང་མཐུན་པའི་སློབ་སྦྱོང་གི་བྱེད་ཐབས་བཀོལ་ཚེ།ད་གཟོད་སློབ་མས་དོན་ངོ་མར་སློབ་སྦྱོང་དང་ལེན་བྱ་ནུས་ཤིང༌།སློབ་མའི་འཚོལ་སྙེག་གི་སྤྲོ་སྣང་རྣལ་མ་སློང་ནུས་པ་ཡིན།སྤྲོ་སྣང་ནི་མཆོག་གྱུར་གྱི་དགེ་རྒན་ཡིན་པས།སྨྱན་མང་གཟུགས་ཀྱི་བསླབ་ཆས་ནི་དམིགས་འབེན་དེ་དང་བརྒྱུད་རིམ་དེ་མངོན་འགྱུར་འབྱུང་བའི་ཐབས་ཤེས་བཟང་པོ་ཡིན།སྨྱན་མང་གཟུགས་བསླབ་ཆས་ནི་དགེ་རྒན་གྱི་སློབ་ཁྲིད་མངོན་འགྱུར་འབྱུང་བའི་ཐབས་ལམ་དང་སློབ་མས་སློབ་སྦྱོང་མྱོང་ཚོར་བྱེད་པའི་ལམ་བུ་ཞིག་ཡིན་པས་དགེ་རྒན་གྱིས་སྨྱན་མང་གཟུགས་བསླབ་ཆས་ཇུས་འགོད་བྱེད་པའི་དུས་མཚུངས་སུ་སློབ་མའི་ལོ་ཚོད་ལ་གཞིགས་རྒྱུ་ཧ་ཅང་གལ་ཆེ།རང་ཉིད་ཀྱི་ཇུས་འགོད་དེ་སློབ་མའི་འཚོ་བ་དང་ཉེ་ཅི་ཐུབ་དང༌།སློབ་མས་དང་ལེན་བྱེད་སླ་བར་དམིགས་དགོས།སློབ་མས་སྨྱན་མང་གཟུགས་བསླབ་ཆས་ཉམས་སུ་མྱོང་སྐབས།ངོ་མཚར་ཞིང་བློ་ཡུལ་ལས་འདས་པ་མ་ཟད། བྲོ་བ་ཕུན་སུམ་ཚོགས་པའི་ཚོར་སྣང་སྟེར་རིགས།བྱ་ར་འདེམ་འགོད་ཀྱི་ཆ་ནས་བྱིས་པ་དགའ་བའི་འགུལ་རིས་ཀྱི་རྣམ་པ་འདེམས་པ་དང༌།དེ་ལ་འོས་ཤིང་འཚམ་པའི་སྒྲ་དང་ཡི་གེ་ཁ་གསབ་བྱས་ཆོགའདི་ལྟ་བུའི་སྟབས་བདེ་ཞིང་གོ་ཆོད་པའི་བྱེད་ཐབས་འདིས་སློབ་ཁྲིད་ཀྱི་གཙོ་གནད་འབུར་དུ་ཐོན་ནུས་སོ།སྨྱན་མང་གཟུགས་བསླབ་ཆས་ཇུས་འགོད་ཀྱི་བབ་བསྟུན་རང་བཞིན་དེ་ཧ་ཅང་གལ་ཆེ།ཇུས་འགོད་ཐབས་ཤེས་དང་སྨྱན་མང་གཟུགས་བསླབ་ཆས་ཡོད་ཚད་སློབ་ཐུན་རེ་རེར་བཀོལ་ཐུབ་པའི་ངེས་པ་མེད།སློབ་མ་ནི་སློབ་སྦྱོང་གི་བདག་པོ་ངོ་མ་ཡིན་པས།སློབ་ཁྲིད་ཀྱི་འབྲས་བུ་དེ་མཐར་ཐུག་ན་སློབ་མ་རང་སྟེང་གི་སློབ་སྦྱོང་ལ་བརྟེན་ནས་མངོན་འགྱུར་བྱ་དགོས།འོན་ཀྱང་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་སློབ་མའི་བསམ་ཚུལ་འདྲ་མིན་སྣ་ཚོགས་ཚང་མ་དུས་ལྟར་སྨྱན་མང་གཟུགས་བསླབ་ཆས་ཁྲོད་སྣང་མི་ནུས་པས་སློབ་ཁྲིད་ཀྱི་དོན་སྙིང་ཤོར་སླ།དེ་བས་ང་ཚོས་སྨྱན་མང་གཟུགས་བསླབ་ཆས་ཇུས་འགོད་ཀྱི་སྐབས་སུ་གནད་དོན་འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ཞིང༌།གང་ནུས་ཅི་ལྕོགས་ཀྱིས་སློབ་མར་འབྱུང་སྲིད་པའི་གནས་ཚུལ་ཡོད་དོ་ཅོག་ལ་བསམ་གཞིགས་བྱས་རྗེས་སྨྱན་མང་གཟུགས་བསླབ་ཆས་དུ་མངོན་པར་བྱ་དགོས།དེ་ལྟར་བྱས་ཚེ་སློབ་མས་དྲི་བ་ཅི་ཞིག་བཏོན་ཡང་དགེ་རྒན་ལ་གྲ་སྒྲིག་ཡག་པོ་ཡོད་ཕྱིར་དགེ་རྒན་དང་སློབ་མ་གཉིས་ཀྱི་དཔེ་ཁྲིད་དང་སློབ་སྦྱོང་གཉིས་མཐུན་སྦྱོར་ལེགས་པོ་ཡོང་ནུས་པ་རེད།
  ལྔ་བ།  སྨྱན་མང་གཟུགས་བསླབ་ཆས་བཟོ་བའི་གོ་རིམ།
  གོང་གི་ཇུས་འགོད་དང་ཐབས་ཇུས་ལ་བརྟེན་ནས་ང་ཚོས་རྟོགས་ཐུབ་པ་ནི།སྨྱན་མང་གཟུགས་བསླབ་ཆས་ནི་མཇུག་མཐར་གསར་བཟོ་པས་ཇུས་འགོད་དང་གསར་བཟོ་བྱ་དགོས།ལག་ལེན་དངོས་ཀྱི་ཉམས་མྱོང་ལས་སྨྱན་མང་གཟུགས་བསླབ་ཆས་ཀྱི་བཟོ་ཐབས་ལ་གཤམ་གྱི་གོ་རིམ་འགའ་ཡོད་པར་བསམ་ཏེ།
  ༡ སློབ་ཁྲིད་ཀྱི་དམིགས་ཚད་གཏན་ཁེལ་བྱས་ཏེ་ཇུས་བཟོ་ལེགས་པོ་བྱེད་པ།
  སྨྱན་མང་གཟུགས་བསླབ་ཆས་ཇུས་བཟོ་བྱེད་སྐབས།ཐོག་མར་སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་སོགས་ངེས་པར་དུ་གསལ་བོ་རྟོགས་དགོས།སྨྱན་མང་གཟུགས་བསླབ་ཆས་ཀྱི་ནང་དུ་གནད་དོན་གཙོ་བོ་ཅི་ཞིག་ཐག་གཅོད་བྱ་དགོས་པ་ཁ་གསལ་དགོས་པ་དང་ཇུས་བཟོ་པས་འོས་འཚམ་གྱི་སློབ་ཁྲིད་རྒྱུ་ཆ་བདམས་ནས་འོས་མཐུན་གྱི་མཚོན་ཐབས་བཀོལ་ཏེ་སློབ་ཁྲིད་ཁྲོད་ཀྱི་གནད་དོན་ཐག་གཅོད་དང་འཁྲབ་གཞུང་གསར་རྩོམ་བྱ་དགོས།རྨང་གཞི་འདིའི་སྟེང་དུ་སྨྱན་མང་གཟུགས་ཀྱི་སྒྲོམ་གཞི་དང་ཆགས་ཚུལ།འཆར་ངོས་ཀྱི་མཚོན་ཐབས་དང་རྣམ་པ་སོགས་གཏན་ཁེལ་བྱས་ནས་སྨྱན་མང་གཟུགས་བསླབ་ཆས་ཀྱི་རྩ་བའི་རིག་ལམ་དང་སྒྲོམ་གཞི་སོགས་མཁོ་འདོན་བྱ་དགོས་པ་སྟེ།དཔེར་ན་སྨྱན་མང་གཟུགས་བསླབ་ཆས་འདིས་སློབ་མར་ཆ་འཕྲིན་ཅི་ཞིག་འདོན་སྤྲོད་བྱ་དགོས་པ་དང་ཇི་ལྟར་འདོན་སྤྲོད་བྱེད་པ།མཚོན་ཐབས་ཀྱི་མགོ་མཇུག་གི་གོ་རིམ་དང་རྣམ་པ་ཅི་ཞིག་གི་སྟེང་ནས་མཚོན་པ་སོགས་ཡིན་ལ།ཡང་གཅིག་བཤད་ན་འཁྲབ་གཞུང་ཁྲོད་ཆེས་གཙོ་བོ་ཞིག་ནི་སྨྱན་མང་གཟུགས་བསླབ་ཆས་ཀྱི་སྒྲོམ་གཞིའི་རི་མོ་ཡིན།མཇུག་མཐར་ཇུས་བཟོ་པས་སྒྲོམ་གཞི་རི་མོའི་ཤེས་བྱའི་སྡེ་ཚན་ཁག་གཞིར་བཟུང་ནས་རྩོམ་སྒྲིག་བྱ་དགོས་པ་ཞིག་ཡིན།
  ༢ སློབ་ཁྲིད་ཀྱི་རྒྱུ་ཆ་འཚོལ་སྡུད་དང་ལས་སྣོན་གསར་བཟོ་བྱེད་པ།
  སྨྱན་མང་གཟུགས་བསླབ་ཆས་ཇུས་བཟོ་བྱེད་སྐབས་སློབ་ཁྲིད་རྒྱུ་ཆ་གསར་བཟོ་དང་འཚོལ་སྡུད་ནི་ཧ་ཅང་གལ་ཆེ་ཞིང་ཤིན་ཏུ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན།སྡུད་པ་དང་བསྡུས་པའི་རྒྱུ་ཆ་ལས་སྣོན་གྱི་དུས་ཚོད་ནི་ཏག་ཏག་སྨྱན་མང་གཟུགས་བསླབ་ཆས་ཇུས་བཟོའི་དུས་ཚོད་ལས་ཀྱང་རིང༌།སློབ་ཁྲིད་རྒྱུ་ཆ་སྡུད་པའི་བྱ་བ་དེ་སྤྱིར་བཏང་དུ་གཤམ་གྱི་ཐབས་ལམ་བརྒྱུད་དེ་བསྒྲུབ་དགོས་ཏེ།༡ སྨྱན་མང་གཟུགས་བསླབ་ཆས་ཀྱི་རྒྱུ་ཆའི་འོད་སྡེར་ཁྲོད་ནས་ཐད་ཀར་རིས་དབྱིབས་དང་བརྙན་གཟུགས། སྒྲ། འགུལ་རིས་སོགས་བླངས་ཆོག༢ སྨྱན་མང་གཟུགས་བསླབ་ཆས་འོད་སྡེར་གཞན་དག་གི་ཁྲོད་ཀྱི་འབྲེལ་ཡོད་དཀར་ཆག་ལས་སྒྲའི་ཡིག་ཆ་ཐད་ཀར་བླངས་ཆོག ༣ རྒྱལ་སྤྱིའི་མཉམ་འབྲེལ་དྲ་རྒྱའི་སྟེང་ནས་བཙལ་ཏེ་གང་མཁོའི་རྒྱུ་ཆ་བླངས་ཆོག  དྲ་རྒྱའི་སྟེང་གི་རྒྱུ་ཆ་ནི་ཆེས་མང་པ་དང་ཆེས་འཛོམས་པོ་ཞིག་ཡིན། ཆེས་བཟང་བའི་ཐོན་ཁུངས་འདི་ང་ཚོས་མཉམ་སྤྱོད་བྱས་ཏེ་བཀོལ་སྤྱོད་ལེགས་པོ་བྱེད་ཆོག ༤  ཇུས་བཟོ་པས་རང་ཉིད་ཀྱི་དགོས་མཁོ་ལྟར་ཇུས་འགོད་དང་གསར་བཟོ་བྱས་ནའང་ཆོག  དེའི་ཕྱིར་ང་ཚོས་ནམ་རྒྱུན་གྱི་སློབ་ཁྲིད་རྒྱུ་ཆ་འཚོལ་སྡུད་ཀྱི་བྱ་བར་མཐོང་ཆེན་དང་གཙིགས་ཆེན་བྱ་དགོས། ཕྲན་གྱི་ལྟ་ཚུལ་ཡིན་ན་གཞི་རིམ་གྱི་སློབ་གྲྭ་ཞིག་ལ་མཚོན་ན་རང་ས་གནས་དང་མཐུན་པ།མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་སྨྱན་མང་གཟུགས་བསླབ་ཆས་ཀྱི་རྒྱུ་ཆའི་བང་མཛོད་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་རེད་བསམ།སློབ་ཁྲིད་རྒྱུ་ཆ་ལས་སྣོན་དང་གསར་བཟོ་བྱེད་པའི་བརྒྱུད་རིམ་ནི་དེ་བས་ཀྱང་ཞིབ་ཚགས་དང་ཡུན་རིང་དགོས་པའི་བྱ་བ་ཞིག་རེད།འདི་ནི་སྨྱན་མང་གཟུགས་བསླབ་ཆས་ཀྱིས་སློབ་མའི་མིག་དབང་དང་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་མིན་དང༌།སློབ་མའི་སློབ་སྦྱོང་གི་དགའ་སྣང་དང་ཡིད་འགུགས་ཀྱི་ནུས་པ་ཐོབ་མིན།སློབ་ཁྲིད་ཀྱི་མཇུག་འབྲས་བཟང་པོ་ཞིག་ཡོང་མིན་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན།ཡི་གེའི་རྒྱུ་ཆ་ཐད་ཀར་གཏག་ཅིང་ཆོག་ལ་སྔོན་ནས་གྲ་སྒྲིག་བྱས་ཏེ་ཉར་ཚགས་བྱས་ཀྱང་ཆོགདེ་ལས་གཞན་པའི་སློབ་ཁྲིད་ཀྱི་རྒྱུ་ཆ་ཚང་མ་ཞིབ་ཚགས་ཀྱིས་འཚོལ་སྡུད་དང་གསར་བཟོ།ལས་སྣོན་བྱ་དགོས།འདྲ་པར་དང་རིས་དབྱིབས་ཀྱི་ལས་སྣོན་སྤྱིར་བཏང་དུ་རྩད་བཤེར་འཕྲུལ་ཆས་དང་གྲངས་འགྱུར་པར་ལེན་འཕྲུལ་ཆས་སོགས་ཕྱིའི་སྒྲིག་ཆས་བཀོལ་ནས་འདྲ་པར་དང་རིས་དབྱིབས་ཨང་གྲངས་ཀྱི་རྣམ་པར་བརྗེ་རྗེསAdobePhotoshopcs4སོགས་ཆེད་ལས་རིས་དབྱིབས་མཉེན་ཆས་སྤྱད་དེ་ལས་སྣོན་དང་གསར་བཟོ་བྱ་དགོས། བརྙན་གཟུགས་ཀྱི་ལས་སྣོན་གསར་བཟོ་བྱེད་པར་བརྙན་ལེན་འཕྲུལ་ཆས་སོགས་སྒྲིག་ཆས་བཀོལ་ནས་མངོན་འགྱུར་བྱ་དགོས་པ་དང་མཉམ་དུpremiereདང3dstudio སོགས་མཉེན་ཆས་སྤྱད་ནས་སྒྲིག་གཅོད་བྱ་དགོས།སྒྲའི་ཡིག་ཆ་ལས་སྣོན་དང་གསར་བཟོ་ལ་མཉེན་ཆསAdobeAudieion3.0དང་Goldwove.v5.14སོགས་བཀོལ་ནས་སྒྲིག་གཅོད་དང་ལས་སྣོན་སྣ་ཚོགས་བྱེད་ཆོགསློབ་ཁྲིད་རྒྱུ་ཆའི་གསར་བཟོ་དང་ལས་སྣོན་དེ་ཐབས་ངེས་ཅན་ཞིག་གི་ཆ་ནས་བཤད་ན་ངེས་པར་དུ་མཁྲེགས་ཆས་དང་མཉེན་ཆས་ལ་རྒྱབ་བརྟེན་བྱས་ཏེ་ལེགས་འགྲུབ་བྱ་དགོས།ང་ཚོས་མཉམ་འཇོག་རྒྱུ་ཞིག་ལ་རྒྱུ་ཆ་འཚོལ་སྡུད་དང་ལས་སྣོན།སྒྲིག་གཅོད་ཀྱི་བྱ་བ་དེ་ནན་ཏན་གྱིས་སློབ་ཁྲིད་ཀྱི་རེ་འདུན་དང་ཇུས་འགོད་ཀྱི་རེ་བར་མཐུན་དགོས་ལ་སྤུས་ལེགས་ཚད་ལྡན་ཞིག་བཟོ་དགོས།གཤམ་གསལ་ནི་རྒྱལ་ནང་གི་སྨྱན་མང་གཟུགས་བསླབ་ཆས་བཟོ་བའི་འབྲེལ་ཡོད་ཐོན་ཁུངས་དྲ་ཚིགས་འགའ་ཡིན།
  ཀྲུང་གོའི་སློབ་མའི་དྲ་བ།http://www.6to23.com
  ཀྲུང་གོའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སློབ་ཁྲིད་དྲ་བ།http://www.k12.com.cn
  སྨྱན་མང་གཟུགས་སློབ་གསོའི་དྲ་བ།http://fscjh.myetang.com
  སྒུལ་ཤུགས་སློབ་གསོའི་ཐོན་ཁུངས་དྲ་བ། http://www.py89.myetang.com
  སློབ་ཁྲིད་རྒྱུ་ཆའི་དྲ་བ།http://www.ruiwen.com
  ༣ འོས་འཚམ་གྱི་གསར་བཟོ་ལས་སྟེགས་འདེམས་པ།
  སྨྱན་མང་གཟུགས་བསླབ་ཆས་ཀྱི་གསར་བཟོ་ལས་སྟེགས་འོས་ཤིང་འཚམ་པ་ཞིག་འདེམས་ཤེས་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་ཞིག་རེད།མིག་སྔར་སྨྱན་མང་གཟུགས་བསླབ་ཆས་གསར་བཟོ་ལས་སྟེགས་ཀྱི་རིགས་ཤིན་ཏུ་མང༌།རེ་རེར་རང་རང་གི་ཁྱད་ཆོས་རེ་ལྡན།བྱེད་ནུས་ཆེ་བ་དང་བཀོལ་བདེ་བའི་མཉེན་ཆས་དེ་རང་གི་སྨྱན་མང་གཟུགས་བསླབ་ཆས་གསར་བཟོའི་ལས་སྟེགས་སུ་འདེམས་ན་བྱ་བའི་ལས་ཕྱོད་མཐོར་འདེགས་སུ་གཏོང་ཐུབ་ལ་ལས་ཀའི་ཚེགས་ཀྱང་ཇེ་ཡང་དུ་འགྲོ། སྤ
  • 顶 0