རྗེ་འདི་ཉིད་རབ་བྱུང་དང་པོའི་ཤིང་བྱི་༡༠༥༨ལོར་ལ་སྟོད་གུང་ཐང་དུ་སྐུ་འཁྲུངས། སྐུ་ཆུང་དུས་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་བཙུན་མི་ལ་བསྟེན་ནས་ཆོས་ཀྱི་རྐང་ཚུགས། དགུང་ལོ་བཅོ་ལྔར་ཕེབས་སྐབས་སྐུ་ལ་མཛེ་ནད་ཕོག་པས་རྗེ་བཙུན་གྱི་དྲུང་དུ་མ་བཞུགས་པར་ཁང་སྟོང་རྣམས་སུ་ཉལ་ཞིང་བཞུགས། དེའི་ཚེ་ཨ་ཙ་ར་གསུམ་བྱུང་ནས་དེ་རྣམས་ཀྱིས་སྙིང་རྗེ་བྱས་ཏེ་རྒྱ་གར་དུ་ཁྲིད་ནས་བླ་མ་བ་ལ་ཙནྡྲ་ལ་གཏུགས། བ་ལ་ཙནྡྲས་གཏུམ་པོ་ཁྱུང་ཤམ་ཅན་གནང་ནས་བཟླས་པར་བྱས་པས། རིང་པོར་མ་ལོན་པར་མཛེ་ནད་ལྷག་མ་མེད་པར་སོས། དེ་ནས་བལ་པོར་ཕེབས་པས་ཨ་ཏུ་ལ་ཤ་ལ་སོགས་པ་ནས་བདེ་མཆོག་ལ་སོགས་པའི་རྒྱུད་འགའ་རེ་ཡང་གསན། སླར་རྗེ་བཙུན་གྱི་དྲུང་དུ་འཁོར་བ་ན། རྗེ་བཙུན་གྱི་རས་ཆུང་པ་རྒྱ་གར་དུ་ཆོས་སྐོར་ལེན་པར་མངགས། རས་ཆུང་པས་བླ་མའི་གསུང་ལ་མཉན་ཏེ་སླར་རྒྱ་གར་དུ་བྱོན་ནས་ནྰ་རོ་པ་དང་མེེ་ཏྲི་གཉིས་ཀྱི་དངོས་སློབ་ཏི་ཕུ་བ་ལ་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཆ་ཚང་བ་ཞུས། གཞན་ཡང་གདམས་པ་མང་དུ་བཙལ་ནས་བླ་མའི་དྲུང་དུ་བྱོན། ཆོས་སྐོར་དགུ་པོ་ཆ་ཚང་བ་མི་ལར་ཕུལ། མི་ལས་ངམ་རྫོང་སྟོན་པ་ལ་གནང་། ངམ་རྫོང་བས་དེ་ལ་ཡིག་སྣ་ཡང་བརྩམས་ཤིང་། དེ་ནས་མཆེད་པ་ལ་བདེ་མཆོག་སྙན་རྒྱུད་ཟེར་ཞིང་། རས་ཆུང་བས་ཉིད་ནས་གཞན་ལ་མཆེད་པ་རས་ཆུང་སྙན་དུ་གྲགས། དེ་ལྟར་རས་ཆུང་བས་རྗེ་བཙུན་མི་ལ་བསྟེན་ནས་རྟོགས་པ་ཁྱད་པར་བརྙེས། དེ་ནས་རྗེ་བཙུན་ལ་ཞུས་ནས་དབུས་སུ་བྱོན། གཉལ་དང་ལོ་རོ་གཉིས་སུ་བཞུགས་ནས་སྒོམ་སྒྲུབ་བྱས་ཏེ་ཉམས་མགུར་མང་པོ་དང་མི་ལ་རས་པའི་རྣམ་ཐར་ཡང་གསུངས། མཐར་དགུང་ལོ་བདུན་ཅུ་རྩ་བརྒྱད་པར་རབ་བྱུང་གསུམ་པའི་ལྕགས་སྦྲུལ་༡༡༦༡ལོར་སྐུ་གཤེགས།