ཁམས་པའི་བརྙན་འཕྲིན་ཁང་གི་ངོ་སྤྲོད་མདོར་བསྡུས།

2011-09-26

   ༢༠༠༩ལོའི་ཟླ་བ་ལྔ་པའི་ཚེས་བདུན་ཉིན། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གསར་དུ་འཛུགས་པར་ཆོག་མཆན་གནང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ༢༠༠༩ལོའི་ཟླ་བ་དྲུག་པའི་ཟླ་མཇུག་ཏུ། སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་རིགས་སྒྱུར་བཟོ་ལྟེ་གནས(ཁམས་པའི་བརྙན་འཕྲིན)འཛུགས་སྐྲུན་བྱ་རྒྱུར་གྲ་སྒྲིག་བྱེད་འགོ་བརྩམས། ༢༠༠༩ལོའི་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ཁམས་པའི་བརྙན་འཕྲིན་བདེ་བླག་ངང་ཚོད་གཏོང་བྱས། ༢༠༡༠ལོའི་ཟླ་བ་དྲུག་པའི་ཚེས་ཉེར་བཞི་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་ཁམས་པའི་བརྙན་འཕྲིན་ཁང་ལ་གཟིགས་ཞིབ་གནང་བ་དང་བསྟུན་ནས་ཁམས་པའི་བརྙན་འཕྲིན་དངོས་སུ་གཏོང་འགོ་ཚུགས། ༢༠༡༠ལོའི་ཟླ་བ་བཅུ་གཅིག་པར། ཁམས་པའི་བརྙན་འཕྲིན་དེ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་ལ་ཟླ་སྒྲིལ་བྱས་ནས། དྲིལ་བསྒྲགས་སྒྲོག་གཏོང་དང་། ལེ་ཚན་སྤེལ་རེས། རྣམ་གྲངས་མཉམ་ལས། ཤེས་ཡོན་གསོ་སྐྱོང་སོགས་ཀྱི་ཐད་ནས་ཐོན་ཁུངས་གཅིག་སྒྲིལ་བྱས་པས། ཁམས་པའི་བརྙན་འཕྲིན་ཁང་གི་སྒྲིག་ཆས་ལེགས་བཅོས་ཐུབ་པར་མ་ཟད། ལེ་ཚན་གྱི་སྤུས་ཀའང་ཇེ་མཐོར་སོང་བ་རེད།  

  ཁམས་པའི་བརྙན་འཕྲིན་ཁང་བཙུགས་པ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ༢༠༡༡ལོའི་ཟླ་བ་དགུ་པའི་ཚེས་བཅུ་དགུ་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་ཁམས་པའི་བརྙན་འཕྲིན་ཁང་དུ་གཟིགས་ཞིབ་ཐེངས་གཉིས་པར་ཕེབས་ནས། ཁས་ལེན་གང་ལེགས་དང་ཐུགས་རེ་ཆེན་པོ་གནང་། ༢༠༡༡ལོའི་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཡུན་ཧྲན་ཁམས་པའི་བརྙན་འཕྲིན་ཁང་དུ་ཕེབས་ནས། བརྙན་འཕྲིན་ཁང་གི་འཛུགས་སྐྱོང་དང་འཕེལ་རྒྱས་ལ་མཛུབ་སྟོན་གནང་། ༢༠༡༡ལོའི་ཟླ་བ་གཉིས་པའི་ཚེས་དགུ་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཆི་པའོ་ཡིས་ཁམས་པའི་བརྙན་འཕྲིན་ཁང་གི་ལས་བཟོ་ཡོངས་རྫོགས་ལ་འཚམས་འདྲི་གནང་བ་མ་ཟད། བརྙན་འཕྲིན་ཁང་གི་ལས་ཀར་གདེང་འཇོག་གང་ལེགས་གནང་། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱང་ཁམས་པའི་བརྙན་འཕྲིན་ཁང་དུ་ཕེབས་ནས་ལས་ཀར་གཟིགས་ཞིབ་གནང་བ་རེད། རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དེས་ཁམས་པའི་བརྙན་འཕྲིན་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། 

  ཁམས་པའི་བརྙན་འཕྲིན་ནི་བོད་ལྗོངས་དང་མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་རྗེས་ཀྱི་རྒྱལ་ཡོངས་ཀྱི་བོད་སྐད་བརྙན་འཕྲིན་ཨང་གསུམ་པ་ཡིན། འཁོར་སྐར་དང་སྐུད་ཡོད་བརྙན་འཕྲིན་འཕྲུལ་ཆས། སྐུད་མེད་འཕེན་གཏོང་སོགས་ཀྱི་ཐབས་ལ་བརྟེན་ནས་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ཁུལ་ལ་ཁེབས་ཡོད། ཁམས་པའི་བརྙན་འཕྲིན་ཉིན་རེར་ཆུ་ཚོད་བཅོ་བརྒྱད་གཏོང་ཞིང་། གསར་འགྱུར་མཉམ་བསྒྲགས་དང་ཁམས་པའི་བརྙན་འཕྲིན་གསར་འགྱུར། སྐད་གཉིས་སློབ་ར། འཆི་མེད་ཀྱི་གླེང་མོལ། བྱམས་པའི་ཁ་བརྡ། ཁྲིམས་ས་མེ་ལོང་། ཁམས་པའི་དགའ་ཚལ། ཁམས་པའི་ཟློས་གར་ཁང་། གནམ་གཤིས་སྔོན་བརྡ་སོགས་གསར་འགྱུར་དང་ཆེད་སྒྲིག་རིག་རྩལ། གློག་བརྙན་བརྙན་འཕྲིན་ཟློས་གར་སོགས་རིགས་སོ་སོའི་ལེ་ཚན་འདུས་ཡོད། 

  ཁམས་པའི་བརྙན་འཕྲིན་ཁང་བཙུགས་པ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བླང་བྱ་ལྟར། གསར་འགྱུར་ལ་གཙོ་བོར་དམིགས་པ་དང་ཆ་འཕྲིན་སྒྲོག་གཏོང་། རིག་གནས་དར་སྤེལ། མང་ཚོགས་དང་ཉེ་བ་བཅར་བ། བོད་ཁུལ་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་བསམ་ཕྱོགས་ལྟར། གླེང་ཕྱོགས་ཡང་དག་ཁོང་དུ་ཆུད་དེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཡུལ་ཤུལ་གྱི་གནོད་སེལ་རྒུད་སྐྱོབ། ལྔ་པའི་བཅུ་གཉིས་ཀྱི་ཝུན་ཁྲོན་ས་འགུལ་བྱུང་ནས་ལོ་གསུམ་འཁོར་བ། ཏང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་འཁོར་བ་སོགས་ཀྱི་དྲིལ་བསྒྲགས་དང་སྒྲོག་གཏོང་ལས་འགན་ལེགས་འགྲུབ་བྱུང་ཡོད། ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་། ལེ་ཚན་གྱི་རྣམ་པ་གསར་དུ་གཏོད་ཆེད། ༢༠༡༠ལོ་དང་༢༠༡༡ལོའི་བོད་ལོ་སར་དགོང་ཚོགས་དང་། མེས་རྒྱལ་ལ་དགའ་ཞིང་ཕ་ཡུལ་ལ་དགའ་ཞེས་པའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར། ནུབ་རྒྱུད་ཀྱི་ཞིང་ལྗོངས་ལྔའི་བོད་ཁུལ་དུ་སྐྱོད་ཅེས་པའི་གསར་འགྱུར་མཉམ་འབྲེལ་བཅར་འདྲི་བྱ་འགུལ་ཆེན་པོ། ང་ཚོ་ལྷན་ཏུ་ཡོད་ཅེས་པའི་ཅུས་ཡོན་ཡུལ་ཤུལ་མི་རིགས་སློབ་འབྲིང་དུ་སྐྱོད་དེ་འཚམས་འདྲི་འཁྲབ་སྟོན་བྱེད་པ། ཀམ་ཕུ་བོད་སྡེ་ལ་སྐྱོད་ཅེས་པའི་ལྔ་པའི་བཅུ་གཉིས་ཀྱི་ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་ནས་ལོ་གསུམ་འཁོར་བའི་དྲན་གསོ་བྱ་འགུལ་སོགས་རིགས་སྣ་ཚོགས་ཀྱི་བོད་ཁུལ་ལ་ཉེ་བ་བཅར་བ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱ་འགུལ་ཆེན་པོ་བཅས་སྒྲིག་འཛུགས་དང་ཇུས་འགོད་བྱས་པ་རེད། ཏང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་འཁོར་བའི་སྐབས་སུ། ཁམས་པའི་བརྙན་འཕྲིན་ཁང་གིས་ཁམས་པའི་བོད་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཕྱོགས་ཡོངས་ནས་མཚོན་པའི་དངོས་ཟིན་གློག་བརྙན་ཏེ་གཡང་ཆགས་པའི་ཁམས་ཡུལ་ཞེས་པ་བརྙན་ཕབ་པ་རེད། 

  བོད་ཁུལ་སྤུན་ཟླ་ལ་ཞབས་ཞུ་ཡག་པོ་སྒྲུབ་པའི་ཆེད་དུ། ༢༠༡༡ལོའི་ལོ་འགོར། ཁམས་པའི་བརྙན་འཕྲིན་ཁང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ནུབ་རྒྱུད་ཀྱི་ཞིང་ལྗོངས་ལྔའི་ཁམས་པའི་བོད་ཁུལ་གྱི་ས་ཆ་སོ་སོར་སོང་ནས་བརྙན་འཕྲིན་ལྟ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཡོད། ཤེས་རྟོགས་བྱུང་བར་ལྟར་ན། ཁམས་པའི་བརྙན་འཕྲིན་ཁང་དེ་བོད་ཁུལ་མང་ཚོགས་ཀྱིས་འཛམ་གླིང་ལ་རྒྱུས་ལོན་བྱེད་སའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ཁམས་ཁུལ་གྱི་བརྒྱ་ཆ་བརྒྱད་ཅུ་ཡན་གྱི་མང་ཚོགས་ཁམས་པའི་བརྙན་འཕྲིན་ལྟ་བ་དེ་གོམས་གཤིས་སུ་གྱུར་པ་རེད། 

  ཁམས་པའི་བརྙན་འཕྲིན་ཁང་གིས་མུ་མཐུད་དེ་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། འབད་བརྩོན་གང་ཐུབ་བྱས་ནས། ཁམས་པའི་བརྙན་འཕྲིན་ཁང་དེ་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བསམ་པའི་རིག་གནས་འཚོ་བ་ཞིག་ཏུའང་གྱུར་བ་རེད།   

<