ད་ལོའི་སྐུ་འབུམ་གྱི་མེ་ཏོག་མཆོད་པ།

2021-03-03
0

ཟླ2པའི་ཚེས26ཉིན་ནི་ལུགས་རྙིང་གི་རྒྱ་ལོའི་བཅོ་ལྔ་ཡིན། གནས་མཆོག་སྐུ་འབུམ་དགོན་དུ་ལོ་རེའི་མེ་ཏོག་མཆོད་པ་བཤམས་པ་དང་། མཆོད་འཇལ་བ་མཚན་མོ་ནས་བཟུང་ཕྲེང་བསྟར་སྒྲིག་ཡོད། 

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་རྐྱེན་གྱིས། ཀྲུང་གོའི་མེ་ཏོག་མཆོད་པའི་ཆེས་མཐོའི་བཟོ་སྐྲུན་ལག་རྩལ་གྱིས་ཕྱུག་པའི་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ་ཡང་བསྐྱར་ཕྱི་ཕྱོགས་སུ་སྒོ་ཕྱེས་མེད།

དགུན་ཁའི་དུས་སུ་མཆོད་པར་འབུལ་བའི་མེ་ཏོག་ནི་མེད་པས་བོད་མིས་བསམ་པའི་འཆར་སྒོ་ཡངས་བར་ཕྱེས་སྟེ་མར་གྱིས་མེ་ཏོག་བཟོས་པ་རེད། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། སྔོན་ཆད་ཀྱི་མེ་ཏོག་མཆོད་པའི་བཟོ་བ་སོ་སོའི་དཀའ་ངལ་དང་བློ་གྲོས་ལ་བརྟེན་ནས་ད་ལྟ་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པའི་གཞི་རྒྱ་དང་བཟོ་སྐྲུན་གྱི་ལག་རྩལ་ཆགས་ཡོད།

གསར་འགོད་པར་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་བཟོ་སྐྲུན་ཡུལ་དོངས་སུ་འགྲོ་ཆོག་པའི་ཆོག་མཆན་ཐོབ་པ་དང་། རྒྱུན་ལྡན་དུ་མཆོད་པ་མ་བཤམས་གོང་མི་གཞན་ལ་བསྟན་ཆོག་གི་མི་འདུག

མཆོད་རྟེན་བརྒྱད་དང་ཐག་མི་རིང་སར་གྱི་མེ་ཏོག་མཆོད་པའི་གླིང་སྨད་ནས་བརྗིད་ཉམས་ལྡན་པའི་འདོན་རྟའི་སྒྲ་གྲགས་འོངས། གནས་འདིའི་ཁང་བའི་ནང་དུ་གྲྭ་བ་རྣམས་སྐྱིལ་གྲུང་དུ་བཞུགས་པ་དང་། ལ་ལས་གླིང་བུ་འབུད་པ་དང་། ལ་ལས་རོལ་ཆ་དཀྲོལ་ཏེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་མེ་ཏོག་མཆོད་པའི་དབྱངས་རྟ་འདོན་བཞིན་ཡོད། མེ་ཏོག་མཆོད་པའི་དབྱངས་རྟ་ནི་མེ་ཏོག་མཆོད་པ་བཤམས་སྐབས་དཀྲོལ་བའི་རོལ་དབྱངས་རེད། 

ཁང་བ་གཞན་ཞིག་ནས་མར་དྲི་ཐུལ་འོངས་བ་དང་། དེ་རུ་ཟླ་གཉིས་ལ་བཟོས་པའི་མེ་ཏོག་མཆོད་པའི་ལྡིང་ཁང་བཞུགས་ཡོད། སྒྲོག་གཞིའི་སྟེང་ནས་རི་དྭགས་དང་སྲོག་ཆགས་སྣ་ཚོགས་གསོན་ཉམས་དོད་པོར་ཡོད་པ་དང་། མིའི་གཟུགས་ཀྱི་རིང་ཚད་དང་ལྡན་པའི་ལྷ་སྐུ་ཆེན་པོ་ཞིག་དཀྱིལ་དུ་བཞེངས་ཡོད་ལ་བལྟས་པ་ཙམ་གྱིས་ཡིད་ལ་དགའ་བདེ་དཔག་མེད་བསྐྱེད་འོངས།

མེ་ཏོག་མཆོད་པའི་གླིང་སྨད་དང་ཁ་གྱེས་ཏེ་གླིང་སྟོད་དུ་འཛེག་པ་ན། དེ་རུ་གྲྭ་བ་མང་པོས་མར་རྒྱ་མ700ལྷག་དང་གསེར་ཤོག་སྟོང་གིས་བཞེངས་བའི་མེ་ཏོག་མཆོད་པ་བཞུགས་ཡོད། དེས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གཏམ་རྒྱུད་ཅིག་མངོན་པར་མཚོན་ཡོད་ལ། གཙོ་སྐུ་ཕྱག་ན་རྡོ་རྗེ་རེད། 

 ཚེས་བཅོ་ལྔའི་དགོང་མོར་མེ་ཏོག་མཆོད་པ་བཤམས་པ་དང་མཆོད་པ་བཤམས་པའི་སྐབས་སུ་མཆོད་མེ་སྒྲོན་པ་དང་ཆོས་འདོན་པ། མཆོད་པའི་རོལ་དབྱངས་དཀྲོལ་བ་སོགས་རྣམ་པ་ཧ་ཅང་གཟབ་རྒྱས་ཡིན། འོན་ཀྱང་ད་ལོར་མཆོད་འཇལ་པ་ཚོས་ཡུལ་དངོས་སུ་མེ་ཏོག་མཆོད་པར་འཇལ་མི་ཐུབ་པས་ཡིད་ཕངས་བ་ཞིག་ཡིན་ཀྱང་། རིམས་འགོག་ཚོད་འཛིན་དེ་བས་གལ་ཆེན་ཡིན་ཞེས་ལོ་བཞི་བཅུ་རིང་ལ་མེ་ཏོག་མཆོད་པ་བཟོས་པའི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བློ་བཟང་རིག་འཛིན་གྱིས་དེ་ལྟར་བཤད། 

བློ་བཟང་རིག་འཛིན་སོགས་ལོ་ན་རྒས་པའི་མེ་ཏོག་མཆོད་པའི་བཟོ་བ་མང་པོས་མཆོད་པ་བཟོ་བའི་སྐབས་སུ་ལྷ་སྐུའི་སྤྱན་རས་དང་སྨིན་མ་སོགས་ཞིབ་ཕྲའི་གནས་ཀྱི་མར་ཞི་འགྲོ་བར་སྐྲག་སྟེ་ལག་པ་རྒྱུན་དུ་དར་ཆུའི་ནང་དུ་སྦངས་བས་མཛུབ་མོའི་དབྱིབས་ཀྱང་འགྱུར་འདུག བློངབཟང་རིག་འཛིན་ཁོང་གིས་ད་ལྟ་དགེ་ཕྲུག་དག་ལ་ལག་རྩལ་ཁྲིད་བཞིན་ཡོད། 

ཚེས26ཉིན་གྱི་ས་སྲོད་སྐབས་སུ་སྐུ་འབུམ་དགོན་གྱི་གྲྭ་བ་དག་གིས་རང་རང་གི་སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་སུ་མེ་ཏོག་མཆོད་པའི་གནས་ཚུལ་མཉམ་སྤྱོད་བྱེད་བཞིན་ཡོད། དད་ལྡན་མང་ཚོགས་ཀྱིས་དངོས་སུ་འཇལ་མ་ཐུབ་པར་ཡིད་ཕངས་སྐྱེ་མི་དགོས་ཏེ། ཚེས་བཅུ་དྲུག་ཉིན། མེ་ཏོག་མཆོད་པ་དུས་རྒྱུན་དྲོད་གྲང་སྙོམས་པའི་མེ་ཏོག་མཆོད་པ་གླིང་དུ་བཞུགས་པ་ཡིན་ལ། དེ་དུས་དུས་ཚུགས་ལ་དབྱེ་བ་མེད་པར་གཟིགས་མོལ་དང་མཆོད་འཇལ་བྱས་ཆོག །


  • 顶 0