གངས་འདབས་སུ་བསྐྱོད་པའི་བདེ་སྐྱིད་ཀྱི་རོལ་དབྱངས།

2021-02-26
0

“ཏང་གི་གཟི་འོད་ཁ་བའི་ཡུལ་དུ་འཕྲོས། །བདེ་སྐྱིད་འཚོ་བ་དབྱར་ཀྱི་ཆུ་བཞིན་རྒྱས། །འབངས་རྣམས་སྐྱིད་པའི་དཔལ་ལ་བཀོད་པ་ན། །མུ་ནས་འབད་པས་མ་འོངས་བསྐྲུན་པར་བྱེད།།” དུས་རབས་སུ་བརྒྱུད་པའི་སྲོལ་རྒྱུན་གྱི་གདངས་དབྱངས་ཀྱིས་ད་ལྟའི་འཚོ་བ་གསར་བར་བསྟོད་པའི་རྔ་སྒྲ་སྒྲོག

ཨ་མྱེས་རྨ་ཆེན་གངས་འདབས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཙན་ཀུན་ཐེ་སྡེ་བ་རུ། ཨ་སྔོན་སྤྲིན་དཀར་དང་རྩྭ་ཐང་གི་མཛེས་སྡུག་འོག གདོང་ལ་བདེ་སྐྱིད་དང་དྲིན་གཟོའི་འཛུམ་མདངས་ཀྱིས་བརྒྱན་པའི་བོད་རིགས་མང་ཚོགས་རྣམས་ནི་གནའ་བོའི་སྲོལ་རྒྱུན་གྱི་འགྱུར་ཁུགས་དང་བསྡོངས་ནས་བདེ་སྐྱིད་ཀྱི་ལམ་ཁར་ཕྱོགས་ཡོད།

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་ར་བ་རུ། ཙན་ཀུན་ཐེ་སྡེ་བའི་སྡེ་དམངས་ཀྱིས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པའི་ཚུལ་རེད།

ཙན་ཀུན་ཐེ་སྡེ་བ་ནི་སྔོན་ཆད་ཧ་ཅང་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། སྡེ་བ་ཧྲིལ་བོར་ཁྱིམ་ཚང309དང་མི1123ཡོད་ལ། དེའི་ནང་ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང58ཡོད་པ་དང་། དཔེ་མཚོན་གྱི་འབྲོག་ལས་སྡེ་བ་ཞིག་ཡིན་པས་ཕྱུགས་ཟོག་གསོ་སྤེལ་བྱེད་པ་ལས་སྡེ་དམངས་ལ་གཞན་པའི་ཡོང་སྒོ་ཐབས་ལམ་ཅི་ཡང་མེད།

སྔོན་ཆད། ངེད་ཚང་ལ་ཕྱུགས་བཅུ་ལྷག་ལས་མེད་ལ། ང་དང་ངའི་ཆུང་མར་ཡང་ལག་རྩལ་གཞན་མེད་པས་ལོ་རེའི་ཡོང་འབབ་སྒོ་ཁྲི་གཉིས་ཀྱང་མེད། ཆུང་མ་དང་བྱིས་པར་ནད་བྱུང་ཡང་སྒོར་མོ་མེད་པས་ནད་བཅོས་བྱེད་ཐུབ་ཀྱིན་མེད་ཞེས་སྡེ་དམངས་ཕུར་བས་བཤད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཀོན་མཆོག་གིས་གསར་འགོད་པར་བཤད་རྒྱུར། འཚོ་བའི་ཐབས་ལམ་མེད་ལ་ཡོང་སྒོ་དམའ་བ་དང་། ངལ་རྩོལ་ནུས་རྩལ་ཞན་པ་ནི་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།

དབུལ་བོར་ཟས་གོས་སྟེར་བ་ལས་ཟས་གོས་རྩོད་སྒྲུབ་ཀྱི་ཐབས་ལམ་བསྩལ་ན་བཟང་། དེ་སྔའི་འབྲོག་དམངས་རྣམས་ནི་ད་ལྟ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཡོད་པའི་ཐོན་ལས་བཟོ་བར་གྱུར་ཡོད།

ས་གདན་དང་འགེལ་གདན། བལ་གྱི་དངུལ་ཁུག རྒྱབ་ཁུག་སོགས་ཐོན་རྫས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་དེང་རབས་ཀྱི་འཚོ་བའི་དགོས་མཁོ་དང་ཡང་འཚམ་པས་དུས་རབས་ཀྱི་ཐོན་རྫས་གསར་བར་གྱུར་ནས་ཟི་ལིང་དུ་ཕྱིར་འཚོང་བྱས་པ་མ་ཟད། ཧྲང་ཧའེ་སོགས་ས་ཁུལ་གྱི་མངགས་ཐོ་ཡང་འབྱོར་ཡོད།

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་ར་བ་རུ། ཙན་ཀུན་ཐེ་སྡེ་བའི་སྡེ་དམངས་ཀྱིས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པའི་ཚུལ་རེད།

དཀོན་མཆོག་གིས་བཤད་རྒྱུར། ཀུང་ཟིས་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་ར་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་ལ། ད་ལྟ་འགེལ་གདན་དང་ས་གདན། ཁུག་མ་སོགས་ཐོན་རྫས20ལྷག་ཡོད་པ་དང2019ལོའི་ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི80ཡན་ལ་སླེབས་པས། དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་པའི་ཟླ་ཕོགས་སྒོར3000ཡན་ཡོད་པ་མ་ཟད་ལོ་མཇུག་ཏུ་ད་རུང་ཁེ་སྤོགས་བགོ་བཞིན་ཡོད།

ཐོན་ལས་ཀྱི་འཕེལ་རྒྱས་ཧ་ཅང་ལེགས་པས་ཙན་ཀུན་ཐེ་སྡེ་བའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མཚོ་ལོ་ནི་སྡེ་བའི་ནང་གི་ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཡིན་ཞིང་། སྡེ་དམངས་རྣམས་ཀྱིས་ཁོ་ནི་ཆང་འཐུང་དང་ལེ་ལོ་ཅན་ཞིག་ཏུ་འདོད་ཡོད། ད་ལྟ་ནན་ཏན་དང་ལས་བརྩོན་གྱི་ཁོ་ནི་ཆང་འཐུང་བའི་གོམས་གཤིས་ངན་པ་དེ་བསྒྱུར་ཡོད་པ་མ་ཟད། ཀུང་ཟི་ནང་ཟླ་རེར་ཟླ་ཕོགས་སྒོར5000ཡོད་པ་དང་ཆུང་མས་ཁྱིམ་དུ་ཕྱུགས་འཚོ་བཞིན་ཡོད་པས་ཁྱིམ་ཚང་གི་འཚོ་བ་ནི་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རང་གིས་བཟོས་པའི་ཁུག་མ་དག་ཟི་ལིང་དུ་འཚོང་བ་དང་གྲོང་ཁྱེར་གྱི་མི་མང་པོས་འཁུར་ཐུབ་པར་བསམས་ན་རང་ཉིད་ལ་ང་རྒྱལ་ཞིག་སྐྱེས་ཡོང་ཞེས་མཚོ་ལོས་བཤད།

ཕུར་བས་དབུལ་ཕོངས་ཀྱི་འཚོ་བ་ནི་ལོ་རྒྱུས་སུ་གྱུར་ལ། ད་ལྟའི་བདེ་སྐྱིད་འཚོ་བ་ནི་སྔོན་ཆད་རྨི་ལམ་དུའང་འཁོར་ཐུབ་མེད་ཟེར། ད་ལྟ་ཁོ་ལ་ཀུང་ཟིའི་ཟླ་ཕོགས་ཡོད་པ་མ་ཟད། རང་ཉིད་ཀྱི་རླངས་འཁོར་གླ་གཏོང་གི་ཡོང་འབབ་ཡོད་ལ། ཆུང་མའང་ནད་བཅོས་བྱས་ནས་དྲག་སྐྱེད་བྱུང་བས་ཀུང་ཟིའི་ཟ་ཁང་དུ་གླ་རྒྱག་བཞིན་ཡོད་པས་ལོ་རེའི་ཡོང་འབབ་སྒོར་ཁྲི10ཡན་ལ་སླེབས་ཡོད།

ད་ལྟ། ཙན་ཀུན་ཐེ་སྡེ་བས་འོ་མའི་ཐོན་རྫས་ལས་སྣོན་དང་གཟན་རྩྭ་འདེབས་འཛུགས་ཀྱི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི100ཡན་ལ་སླེབས་ཤིང་། སྡེ་དམངས་རྣམས་ཀྱི་འཚོ་བ་ནི་བདེ་ཞིང་སྐྱིད་པ་དང་། སེམས་སུ་རེ་སྨོན་གྱིས་ཁེངས་ཡོད་པས། འབྱོར་འབྲིང་གི་ཐབས་ལམ་ནི་ཇེ་ཡངས་ནས་ཇེ་ཡངས་སུ་གྱུར་ཡོད།

2020ལོའི་ཟླ4བར། རྨ་ཆེན་རྫོང་གི་དབུལ་ཕོངས་སྡེ་བ14དང་ཁྱིམ་ཚང2286། དབུལ་ཕོངས་མི་གྲངས7574བཅས་ཚང་མ་དབུལ་ཐར་བྱུང་ཡོད།

“དགུང་ཨ་སྔོན་མཐོན་པོའི་འོག་ན།  །མཐོ་གངས་རི་ལྷུན་པོར་བརྟན་པ།  །ཕྱུགས་ནོར་ལུག་གཡང་གི་གཞི་མ།  །ཡུལ་འབྱོར་ཕྱུག་དཔལ་ཡོན་དར་བ། །འབངས་སྐྱིད་པའི་སྟེང་གི་སྣོན་མ། །”གནའ་བོའི་གླུ་གཞས་ཀྱི་གདངས་དབྱངས་དེས་རྨ་ཆེན་མང་ཚོགས་ཀྱི་སེམས་ཀྱི་འདོད་འདུན་གྱེར་ནས་སྔར་བཞིན་གངས་འདབས་ཀྱི་མཁའ་དབྱིངས་སུ་བསྐྱོད་བཞིན་ཡོད་ལ། དེ་ནི་ཙན་ཀུན་ཐེ་སྡེ་བ་དུས་རབས་གསར་བར་བསྐྱོད་པའི་རྒྱལ་ཁའི་རོལ་དབྱངས་སུ་གྱུར་ཡོད། །


  • 顶 0