བོད་ལྗོངས་ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་གིས་འགྲེམས་རྫས་ཇུས་གཞིའི་ཞིབ་དཔྱད་ཚོགས་འདུ་འཚོགས།

2020-07-15
0

༄༅།།བོད་ལྗོངས་ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་གིས་འགྲེམས་རྫས་ཇུས་གཞིའི་
ཞིབ་དཔྱད་ཚོགས་འདུ་འཚོགས་པ།

 ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་12ཉིན། ཀོང་པོའི་རིག་གནས་ཐོན་ཁུངས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་རིག་གནས་སྤུས་རྟགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་གི་འགྲེམས་རྫས་ཇུས་གཞིའི་ཞིབ་དཔྱད་ཚོགས་འདུ་ལྷ་སར་འཚོགས་པ་རེད།
 ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་དཔྱད་ཚོགས་འདུས་ཐའེ་ཀྲའོ་ཡི་ལོ་རྒྱུས་རིག་གནས་རིགས་པས་ཁུངས་སྐྱེལ་བྱ་རྒྱུ་རྒྱབ་ལྗོངས་སུ་བྱས་པ་དང་། ཐའེ་ཀྲའོ་ཡི་ལོ་རྒྱུས་རིག་གནས་ཡག་པོ་ཤོད་རྒྱུ་དམིགས་ཡུལ་དུ་བྱས་ཏེ།  “ལོ་རྒྱུས་མེ་ལོང་དུ་འཛིན་ནས་མ་འོངས་པར་བདེན་དཔང་བྱེད་པའི་”བསམ་བློ་དོན་འཁྱོལ་བྱས་ཏེ། གྲོང་མིའི་འཚོ་བ་དང་ཉེ་བཅར་བྱས་ནས་ས་གནས་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་འགྲེམས་སྟོན་ཁང་གི་འགྲེམས་རྫས་ཇུས་གཞི་བཏོན་པ་རེད།
    ཐའེ་ཀྲའོ་གནའ་གྲོང་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་བརྒྱ་མདའ་རྫོང་དུ་གནས་ཡོད། ལྷ་ས་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད།  མིང་དངོས་ལ་བརྒྱ་མདའ་ཟེར་ཞིང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ“ཐའེ་ཀྲའོ་རྫོང”ཞེས་མིང་བསྒྱུར་བྱས་། འདི་ནི་ཁྲོན་བོད་གནའ་ལམ་དང་། མཚོ་བོད་གནའ་ལམ་གྱི་དཀྱིལ་ལམ་དང་ཤར་ལམ་གྱི་འབྲེལ་མཚམས་ཡིན་ཞིང་། ཐང་རྒྱལ་རབས་སྐབས་ནས་བོད་ཀྱི་གྲོང་རྡལ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད་ལ། ཐང་བོད་གནའ་ལམ་ཐོག་གི་ས་ཚིགས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།
   ཞིབ་དཔྱད་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ད་ཡོད་ཀྱི་འབྲེལ་ཡོད་ཚད་ལྡན་ཡིག་ཆའི་རྨང་གཞིའི་ཐོག ཐའེ་ཀྲའོ་གནའ་གྲོང་གི་འགྲེམས་ཁང་གསར་པའི་ཇུས་འགོད་བསམ་ཕྱོགས་དང་། སྤྱིའི་བཀོད་པ། ལོ་རྒྱུས་ཀྱི་དཔྱད་ཡིག་ལེགས་སྒྲིག  འཛུགས་སྐྲུན་གྱི་གནས་ཐིག་གཏན་འཁེལ་སོགས་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་།  ཚུགས་གནས་མཐོ་རུ་གཏོང་བ། ཁྱད་ཆོས་མངོན་པ་བཅས་བྱེད་དགོས་ཞེས་བཏོན་པ་རེད། “རྒྱུད་གཅིག་ལམ་གཅིག་”གི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་རྨང་གཞིར་བྱེད་པ་དང་།  གསར་བརྗེའི་རྒྱུན་འཛིན་གཙོ་བོར་བྱས་ཏེ་ཀོང་པོ་བརྒྱ་མདའི་ལོ་རྒྱུས་རིག་གནས་ཀྱི་སྐྱེ་སྟོབས་འཕེལ་བ་བྱེད་དགོས་ཤིང་། ཀོང་པོའི་ཐའེ་ཀྲའོ་ཡི་ལོ་རྒྱུས་རིག་དངོས་ལས་གསར་བརྗེའི་བདེན་དཔང་བྱེད་པའི་གྲོས་འགོ་བཏོན་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ཐའེ་ཀྲའོ་གནའ་གྲོང་ནི་བོད་རྒྱ་རིག་གནས་མཉམ་འདྲེས་ཀྱི་དཔང་པོ་ནུས་ལྡན་དང་དཔེ་མཚོན་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་འགྲེམས་སྟོན་ཁང་གི་འགྲེམས་རྫས་ཇུས་གཞིའི་དཔྱད་བསྡུར་ཚོགས་འདུ་འཚོགས་པ་དང་། དམངས་ཚོགས་ཀྱིས་འགྲེམས་སྟོན་ཁང་གི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འགྲེམས་རྫས་སྟོན་སྟངས་ཐོག་ནས། ཀོང་པོའི་ཐའེ་ཀྲའོ་ཡི་ལོ་རྒྱུས་རིག་གནས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་དང། སྔར་བས་དཔེ་གསར་དང་སྔོན་ཐོན་གྱི་འགྲེམས་རྫས་འགྲེམས་སྟོན་གྱི་འདུ་ཤེས་ལ་བརྟེན་ནས། གསར་བརྗེའི་རིག་གནས་དང“རྒྱུད་གཅིག་ལམ་གཅིག”སོགས་གཙོ་གནད་དུ་དམིགས་ཏེ་དམངས་ཚོགས་ལ་ཀུན་དང་མི་འདྲ་བའི་བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་གྱི་སྐར་ཁུང་ཞིག་བཏོད་རྒྱུ་རེད།

  • 顶 0