མཚོ་སྔོན་གྱི་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུ་གསར་པ།

2020-07-14
0

༄༅།།མཚོ་སྔོན་གྱི་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུ་གསར་པ།

 ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་བོད་མཐོ་སྒང་དང་གཙང་གསུམ་ཆུ་འགོར་གནས་པའི་མཚོ་སྔོན་ནི་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་སྐྱེ་ཁམས་ཉམ་ཐག་པ་ཞིག་རེད། འདི་ནི་སྐྱེ་ཁམས་འཛུགས་སྐྲུན་གྱི་གཙོ་གནད་ས་ཁོངས་ཡིན་པ་མ་ཟད། སྐྱེ་ཁམས་དབུལ་སྐྱོར་གྱི་གཡུལ་ས་གཙོ་བོ་ཡང་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་དབུལ་སྐྱོར་གསར་སྤེལ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་ཁྱད་ལྡན་ཐོན་ལས་གཉེར་ཏེ་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་འབྱེད་བྱས་ཡོད། 
    མཛེས་ལྗོངས་ཡག་པོར་བརྟེན་ནས་མདུན་ལམ་ཡག་པོ་བྱུང་བ། 
    2017ལོར། ཁྲི་ཀ་རྫོང་གིས་མཐུན་སྒྲིལ་གྲོང་ཚོ་སོགས་ཉེ་འགྲམ་གྱི་གྲོང་ཚོ་8ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དབུལ་སྐྱོར་མ་དངུལ་ཁེ་ལས་དང་མཉམ་ལས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད་དེ། མེ་ཏོག་ཞིང་ཁའི་ཡུལ་སྐོར་དང་། སྤྲོ་གསེང་། བཟའ་བཏུང་ཞག་སྡོད་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་རའི་མཛེས་ལྗོངས་ཁུལ་བསྐྲུན་ཡོད། 
   གྲོང་མི་ལྷ་མཚོ་སྒྲོལ་མ་ནི་མཐུན་སྒྲིལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཞིང་ནང་གི་རྩྭ་སེལ་བ་དང་མེ་ཏོག་ཞིག་གསོ་བྱེད་པ་སོགས་ཀྱི་ལས་འགན་འཁུར་བའི་ཞིང་རའི་ལས་བཟོ་བ་ཞིག་ཀྱང་ཡིན།  “འདི་གར་ལས་ཀ་བྱས་ནས་ཁྱིམ་དང་ཐག་ཉེ་བ་དང་། ལོ་གཅིག་གི་གླ་ཕོགས་སྒོར་ཁྲི་2ཡོད།”ཅེས་བཤད། 
    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོས་2018ལོ་ནས་བཟུང་གྲོང་གསེབ་ཀྱི་དམངས་ཤག་ཚོང་གཉེར་བྱེད་སྟངས་འཚོལ་ཞིབ་བྱེད་འགོ་ཚུགས་ཡོད། གྲོང་མི་སྒྲོལ་མ་ཐར་གྱིས་དམངས་ཤག་ཅིག་གཉེར་སྐྱོང་བྱས་ནས། ནང་མི་བདུན་གྱི་ལོའི་ཡོང་འབབ་དེ་སྔོན་ཆད་སྒོར་ཁྲི་1ཡང་མ་ཟིན་པ་ནས་སྒོར་ཁྲི་4ལྷག་ཙམ་བར་འཕར་ཡོད། 
    བདེ་སྐྱིད་གྲོང་ཚོ་ལས་གཞན་ཡུལ་དེས་ཡུལ་བབ་དང་བསྟུན་ནས་སྟེང་སོ་ཞང་དགུ་སྟེང་གྲོང་ཚོ་སོགས་ས་ཁོངས་4རུ་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་བཏང་ནས་དུད་ཚང་དབུལ་པོ་300ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ། དུད་ཚང་དབུལ་པོར་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་2500བྱུང་ནས་མང་ཚོགས་དབུལ་པོ་མི་ཉུང་བ་ཞིག་ལ་སྒོ་འགྲམ་ནས་“ཡུལ་སྐོར་ཡོང་འབབ”རག་བཅུག་ཡོད། 
    སྲིད་ཇུས་བཟང་པོས་སྐྱེ་ཁམས་བཟང་པོ་སླར་གསོ་བྱས་པ། 
    ལོ་60ལ་སླེབས་པའི་གཡང་འཛོམས་ཐར་ནི་དེ་སྔ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ནས་ཡིན་ཞིང་། འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་ཡོད།
    བྲག་དཀར་རྫོང་གིས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་མཚོ་ལྷོ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཨ་མདོའི་དམངས་སྲོལ་རིག་གནས་གྲོང་ཚོ་བསྐྲུན་ཡོད། 2017ལོ་ནས་བཟུང་། གཡང་འཛོམས་ཐར་ཚུད་པའི་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་853ཁྱིམ་ཚང་གསར་པར་སྤོས་ཡོད་པ་རེད། ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བེད་སྤྱོད་དང་། སྤྱི་ཕན་ལས་གནས་ཀྱི་འགན་སྲུང་ལ་བརྟེན་ནས་ཨ་མདོའི་དམངས་སྲོལ་རིག་གནས་གྲོང་ཚོས་རིམ་རྩིས་བྱས་ན་རྩྭ་ཐང་དོ་དམ་པ་དང་ནགས་སྲུང་བ་300བཀོད་སྒྲིག་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.16བྱུང་ཡོད། 
    “ད་ཆ་ཁྱིམ་དུ་གློག་སྤྱོད་ཐུབ་པ་མ་ཟད། ད་དུང་གློག་གི་ཐབ་ཀ་དང་ཚ་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་བེད་སྤྱོད་ཐུབ་ཡོད་པ་དང་། རང་འབབ་ཆུ་ཡང་སྒོ་རའི་ནང་དུ་འཐེན་ཡོད།”ཅེས་དབྱང་འཛོམས་ཐར་གྱིས་བཤད། དེ་སྔོན་ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་ནི་སྒོ་ཟོག་བཞི་ལྔ་ལ་བརྟེན་དགོས་པ་དང་།  ད་ལྟ་རྩྭ་ཐང་དོ་དམ་བྱེད་པའི་གླ་ཕོགས་ཡོད་པ་མ་ཟད། ད་དུང་ཕྱུགས་བཀག་ཁ་གསབ་སོགས་ཀྱི་ཡོང་འབབ་ཡོད་པ་དང་། “ལོ་རེའི་ཡོང་འབབ་སྒོར་ཁྲི་5ཡོད་པས་འཚོ་བ་སྐྱོ་བོ་རོལ་དགོས་མེད།” 
    མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་རང་བྱུང་གྲོང་ཚོ་ཚན་པར་བྱས་པའི་ལུག་གསོ་ཚགས་མཉམ་ལས་ཁང་65བཙུགས་པ་དང་། རྩྭ་ར་མུའུ་ཁྲི་568སྤོ་སྒྱུར་བྱས་པ་དང་མ་དངུལ་སྒོར་ཁྲི་2300བཏང་ནས་སྒྲིག་སྦྱོར་ཆ་ཚང་བའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་དང་ཉུང་མ་ལས་སྣོན་བཟོ་གྲྭ་བཙུགས་ཡོད། 
སྐྱེ་ཁམས་འཛུགས་སྐྲུན་དང་དབུལ་བྲལ་འགག་སྒྲོལ་མཉམ་སྐྱོད་བྱས་ནས་རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་ཡོད། ཆུ་དམར་ལེབ་རྫོང་གིས་དེ་སྔ་ཕྱུགས་འཚོ་དྲགས་པའི་རྩྭ་ར་སླར་གསོ་ཐུབ་ཡོད་པ་དང་། སྐྱེ་ཁམས་འབྲོག་ལས་དེ་འབྲོག་ཁུལ་གྱི་གཙོ་ཁྲིད་ཐོན་ལས་སུ་གྱུར་ནས་སྐྱེ་ཁམས་སྲུང་སྐྱོང་དང་གནད་འཁེལ་དབུལ་སྒྲོལ་གཉིས་ཀའི་ཁེ་ཕན་བྱུང་ཡོད། 
    ཐོན་ལས་བཟང་པོ་ལས་འཚོ་བ་ཡག་པོ་སྐྱེལ་བ། 
    “ང་ཚོའི་གྲོང་ཚོར་རྫ་ཆས་ནག་པོ་བཟོ་བའི་སྲོལ་རྒྱུན་ཡོད། ད་ཆ་གྲོང་ཚོར་རྫ་བཟོའི་ཁེ་ལས་བཙུགས་ནས་རྫ་ནག་བཟོ་བ་དེ་ཁྱིམ་ཚང་མི་ཉུང་བ་ཞིག་གི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད། ”ཅེས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ལྕི་ཆུ་ཞང་གནའ་བོའི་རྫ་ཆས་རྒྱུན་འཛིན་ལས་གྲྭ་ལྟེ་གནས་ཀྱི་ལས་བཟོ་བ་ཚེ་མཆོག་རིག་འཛིན་གྱིས་བཤད།

  • 顶 0