མངའ་རིས་གནམ་གྲུ་ཐང་ཤར་གཏོང་བྱས་ནས་ལོ་10འཁོར་བ།

2020-07-03
0

༄༅།།མངའ་རིས་གནམ་གྲུ་ཐང་ཤར་གཏོང་བྱས་ནས་ལོ་10འཁོར་བ།

      ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མངའ་རིས་ནི་མི་མང་པོའི་མིག་ལམ་དུ་“བོད་ལྗོངས་ནུབ་ཕྱོགས་ཀྱི་ངོ་མཚར་གྱི་ཞིང་ཁམས་”ཡིན་ནའང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་ལ་སྨི་4500ཡན་གྱི་གནས་འདིར་མང་ཆེ་བས་རེ་སྨོན་བྱེད་པ་ཙམ་ལས་འགྲོ་ཐུབ་ཀྱི་མེད། ཡུལ་དེའི་གཏམ་དཔེ་ལ་ “ས་མཐོན་པོ་མངའ་རིས་ཡུལ་ལ།  གྲོགས་མིན་ན་སླེབས་གི་མ་རེད”ཟེར།  2010ལོའི་ཟླ་7ཚེས་1ཉིན། མངའ་རིས་དགུན་ས་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱས་པ་དང་། སྨི་4500ཡོད་པའི་གནམ་གྲུའི་རྒྱུག་ལམ་དུ་མངའ་རིས་དང་འཛམ་གླིང་འབྲེལ་བའི་“ནམ་མཁའི་གསེར་ཟམ”བཙུགས་ཡོད། 
     འགྲིམ་བཞུད་རིང་མོའི་དུས་ཀྱི་མཇུག་སྒྲིལ་བ། བོད་ལྗོངས་མངའ་རིས་སུ་དབྱང་རླུང་འདུས་ཚད་ནི་ནང་ས་ལས་40%མན་ཟིན་མེད་ཅིང་། དགུན་དུས་དྲོད་ཚད་ཆེས་དམའ་ཤོས་ནི་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་41ཡིན། དེ་ལ་“འཛམ་གླིང་ཡང་རྩེའི་ཡང་རྩེ”དང་“མཐོ་སྒང་གི་མཐོ་སྒང་”“རྒྱང་རིང་གི་རྒྱང་རིང་”ཞེས་འབོད་སྲོལ་ཡོད། གནས་འདིར་བསྐྲུན་པའི་མངའ་རིས་དགུན་ས་གནམ་གྲུ་ཐང་ནི་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཨང་བཞི་བའི་གནམ་གྲུ་ཐང་དེ་རེད། 
 “མངའ་རིས་གནམ་གྲུ་ཐང་ནི་མཐོ་སྒང་གནམ་གྲུ་ཐང་གི་ཁོངས་སུ་གཏོགས། མཁའ་ལ་སྤྲིན་པ་ཉུང་བས་ས་ངོས་ཀྱི་དྲོད་ཚད་འཕར་བ་ཅུང་མགྱོགས་པོ་ཡིན། ཆེས་མགྱོགས་ཚེ་ཆུ་ཚོད་1རིང་དྲོད་ཚད་ཧྲེ་ཧྲུའུ་ཏུའུ་2ནས་3བར་འཕར་ཐུབ། གནམ་གྲུ་འཕུར་བར་བདེ་འཇགས་འགན་སྲུང་བྱ་ཆེད། ང་ཚོས་གནམ་གྲུའི་ཐེག་ཚད་ལ་གནས་སྐབས་རང་བཞིན་གྱི་སྙོམས་སྒྲིག་བྱེད་དགོས་ཤིང། གནམ་གྲུ་ཤར་གཏོང་བྱས་ནས་ལོ་ངོ་10རིང་། ང་ཚོས་ཐོག་མར་གནམ་གྲུ་འཕུར་ཐེངས་རེར་མི་30ལྷག་སྡོད་པ་ནས་ད་ལྟར་མི་60ལྷག་སྡོད་ཆོག་པའི་བར་འཕར་སྣོན་བྱས་ཡོད ”ཅེས་མངའ་རིས་གནམ་གྲུ་འབབ་ཚུགས་ས་ངོས་ཞབས་ཞུ་པུའུ་ཡི་སྤྱི་གཉེར་བ་གཞོན་པ་ལིའང་ཧུའུ་ཡན་གྱིས་དེ་ལྟར་བཤད། 
     2010ལོའི་ཟླ་7པའི་ཚེས་1ཉིན། མངའ་རིས་དགུན་ས་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་མངའ་རིས་མི་དམངས་ལ་མཁའ་ལམ་ཐར་བའི་རེ་སྨོན་མངོན་འགྱུར་བྱུང་བ་དང་། མངའ་རིས་ནས་ལྷ་སའི་བར་ཆུ་ཚོད་2ལས་འགོར་གྱི་མེད། མངའ་རིས་མཁའ་འགྲུལ་འབབ་ཚུགས་ཞབས་ཞུ་དོ་དམ་པུའུ་ཡི་དཀོན་མཆོག་ཆོས་བཟང་ནི་དགུན་ས་ཤང་ནས་ཡིན་ཞིང་། ཁོང་གིས་གསར་འགོད་པ་ལ། ད་ལྟའི་གནམ་གྲུ་ཐང་གི་ས་ཁོངས་ནི་དེ་སྔོན་ཁོང་གིས་ལུག་འཚོ་ས་ཡིན་ཟེར། “སྔོན་ཆད་ལྷ་སར་འགྲོ་ཐེངས་རེར། འདྲུད་འཐེན་འཁོར་ལོར་བསྡད་ནས་རྫོང་ལ་འགྲོ་བ་དང་། དེ་ནས་ཟོག་འཁོར་ལ་བསྡད་ནས་ལྷ་སར་འགྲོ་དགོས་ཤིང་། རང་ཉིད་ནི་དངོས་ཟོག་དང་འདྲ་བ་ཕར་དབོར་ཚུར་དབོར་བྱེད་པའི་སྣང་བ་ཡོད”ཅེས་དཀོན་མཆོག་ཆོས་བཟང་གིས་བཤད། 
     དཀོན་མཆོག་ཆོས་བཟང་གིས་གནམ་གྲུ་ཤར་གཏོང་བྱས་རྗེས་སུ་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས། “ངའི་ཚོར་སྣང་ཆེས་ཟབ་ཤོས་ནི་ཉེ་འཁོར་གྱི་གྲོང་ཚོར་དངོས་པོའི་ཐད་ལེགས་སྒྱུར་བྱུང་ཡོད་པ་མ་ཟད། ད་དུང་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་སྔོན་འབྲོག་པ་ཚོས་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་མངགས་འདོད་མེད་ཀྱང་། གནམ་གྲུ་ཐང་བསྐྲུན་པའི་སྐབས་སུ། འབྲོག་ཁུལ་ནས་ཡོང་བའི་གླ་པ་མང་པོ་རིམ་བཞིན་ཕྱུག་པོར་གྱུར་ནས་འདུ་ཤེས་ཀྱང་འགྱུར་ལྡོག་བྱུང་སྟེ། རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་མངགས་པ་རེད”ཟེར། 
    གནམ་གྲུ་ཤར་གཏོང་བྱས་ནས་ལོ་ངོ་10རིང་། དགུན་ས་གནམ་གྲུ་ཐང་དུ་རིམ་རྩིས་བྱས་ན་གནམ་གྲུ་འཕུར་ཚད་ཐེངས་7169དང་། འགྲུལ་བ་མི་ཐེངས་491367 དངོས་ཟོག་སྐྱེལ་འདྲེན་ཏུན་365བཅས་ཟིན་ཡོད། 
    “ལས་ལ་གང་བསྐོས་”ཡིན་པའི་དུས་ཀྱི་མཇུག་སྒྲིལ་བ།  སྔོན་མར་ས་ཐག་རིང་བའི་རྐྱེན་གྱིས། མངའ་རིས་སུ་ཡོད་པའི་མི་རྣམས་ནད་གཞི་ལྕི་མོ་ཕོག་ན། ཡུལ་དེ་ནས་སྨན་བཅོས་བྱེད་མི་ཐུབ་ཀྱང་སྨན་ཁང་ཆེན་པོ་ཞིག་ལ་སྨན་བཅོས་བྱེད་པར་དུས་ཐོག་ཏུ་སྐྱེལ་བའང་དཀའ། 
    མངའ་རིས་དགུན་ས་གནམ་གྲུ་ཤར་གཏོང་བྱས་རྗེས་གནས་ཚུལ་འདིར་འགྱུར་ལྡོག་བྱུང་སྟེ། སྔོན་ཆད་ཆེས་མགྱོགས་ན་ཆུ་ཚོད་27གྱི་རླངས་འཁོར་གྱི་ལམ་ལ་ད་ལྟ་གནམ་གྲུ་ཆུ་ཚོད་2མིན་མི་དགོས། དུས་ཐོག་ཏུ་ཕན་ནུས་ལྡན་པའི་མཁའ་འགྲུལ་སྐྱེལ་འདྲེན་གྱིས་མི་མང་པོའི་སྲོག་བསྐྱབས་ཡོད། 
 མངའ་རིས་མཁའ་འགྲུལ་ས་ཚུགས་ས་ངོས་ཞབས་ཞུ་པུའུ་ཡི་སྨན་པ་བདེ་ཆེན་དབང་མོར་འདིའི་ཐད་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད། “ཐེངས་ཤིག་ཕྲུ་གུ་ཉི་མ་གཉིས་གསུམ་ཅན་ཞིག་ལ་ནད་ལྕི་མོ་ཕོག་ཅིང་། ཉིན་དེར་ང་ཚོས་ཞི་ཨན་དུ་བསྐྱལ་བ་དང་། ཞི་ཨན་གྱི་སྨན་ཁང་ནས་དུས་ཐོག་ཏུ་ནད་བཅོས་ཐུབ་ནས་ཕྲུ་གུའི་སྲོག་བསྐྱབས་ཐུབ་སོང”ཞེས་བཤད། 
   2019ལོའི་ལོ་མཇུག་བར། མངའ་རིས་ས་ཁུལ་དུ་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད་18.9%ཟིན་ཞིང་། གཤགས་བཅོས་མི་ཐེངས་121.31%འཕར་ཡོད། 
   ལོ་ངོ་10རིང་། མངའ་རིས་དགུན་ས་གནམ་གྲུ་ཐང་གིས་ཁྱོན་བསྡོམས་སྲོག་ཉེན་ཅན་དང་ནད་གཞི་ལྕི་བའི་འགྲུལ་པ་51དུས་ཐོག་ཏུ་སྐྱེལ་འདྲེན་ཐུབ་པར་འགན་སྲུང་བྱས་ནས། ཚེ་སྲོག་མྱུར་སྐྱོབ་ལ་རིན་ཐང་བྲལ་བའི་དུས་ཚོད་རྩོད་ལེན་བྱས་ཡོད། མངའ་རིས་མཁའ་ལམ་ལ་ཡུལ་དེའི་མང་ཚོགས་ཀྱིས་སྙིང་ཉེ་བའི་ཚུལ་གྱིས་“མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་བུ”ཞེས་འབོད་ཀྱི་ཡོད། 
    མངའ་རིས་སུ་ནད་ཕོག་ན་སྔོན་མ་བཞིན་“ལས་ལ་གང་བསྐོས”ཡིན་ཟེར་མི་དགོས། “ཀུན་གྱིས་དོ་སྣང་བྱ་ཡུལ་”དུ་གྱུར་བ། མངའ་རིས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོ་ནི་འགྲིམ་འགྲུལ་ཡིན། “མངའ་རིས་ནས་ལྷ་སར་ལས་དོན་སྒྲུབ་པར་འགྲོ་དགོས་ན། ལམ་གྱི་དུས་ཚོད་ནི་ལས་དོན་སྒྲུབ་པའི་དུས་ཚོད་ལས་ཀྱང་རིང་ལ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་གོང་མཐོ”ཞེས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཧྥུའུ་གོ་ཡིས་དེ་ལྟར་བཤད། “མངའ་རིས་སུ་མཁའ་འགྲུལ་ཤར་གཏོང་བྱས་རྗེས། ལྷ་སར་འགྲོ་ན་ཆུ་ཚོད་2གྱིས་སླེབས་ཐུབ། ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་འགྲུལ་པ་དང་། དངོས་ཟོག་སྐྱེལ་འདྲེན། ཆ་འཕྲིན་བཅས་ཀྱིས་མངའ་རིས་འཕེལ་རྒྱས་ཏེ་ཁྱད་པར་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ནུས་ཤུགས་གལ་ཆེན་ཐོན་བཞིན་ཡོད།”
      མངའ་རིས་ས་ཁུལ་གྱིས་སྣེ་ལེན་བྱེད་པའི་འགྲུལ་པ་2010ལོའི་མི་ཐེངས་ཁྲི་6.13ནས་2019ལོའི་མི་ཐེངས་ཁྲི་109.99བར་འཕར་ཞིང་། ལོ་རེར་ཆ་སྙོམས་38%འཕར་ཡོད། དུས་མཚུངས་སུ། མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོའི་སྒོར་དུང་ཕྱུར་18.5ནས་2019ལོའི་སྒོར་དུང་ཕྱུར་62.04བར་འཕར་ནས་ལོ་རེར་ཆ་སྙོམས་14%འཕར་ཡོད། མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་མངའ་རིས་ས་ཁུལ་གྱི་དམངས་འཚོ་འཕེལ་རྒྱས་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། 
     གནམ་གྲུ་ཤར་གཏོང་བྱས་ནས་ལོ་ངོ་10རིང་། མངའ་རིས་དགུན་ས་གནམ་གྲུ་ཐང་གི་བདེ་འཇགས་འགན་ལེན་ཆུ་ཚད་དང་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱིས་མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། རྒྱལ་སྲུང་སྲ་བརྟན། འགྲིམ་འགྲུལ་གྱི་རྨང་གཞིའི་ཆ་རྐྱེན། མི་དམངས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཀྱི་གྲངས་གཞི་མཐོ་རུ་གཏོང་བའི་ཐད་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མཁའ་ལམ་འཕྲེད་གཞུང་སྣོལ་མཚམས་སུ་བོད་ལྗོངས་མངའ་རིས་ཀྱིས་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱེད་བཞིན་ཡོད།

  • 顶 0