གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་བྱས།

2020-07-02
0

༄༅།།གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་བྱས།

 ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་18ཐོག  རླངས་འཁོར་གྱི་དུང་སྒྲ་གྲགས་པ་དང་བསྟུན་ནས། ཧྭ་ཐུའུ་ཀུའུ་ཕྱོགས་སུ་བསྐྱོད་པའི་ཟོག་འདྲེན་མེ་འཁོར་ཐོག་མ་དེ་ན་གོར་མོའི་འབབ་ཚུགས་ནས་དལ་གྱིས་ཐོན། དེས་མཚོ་སྔོན་ན་གོར་མོ་ནས་ཞིན་ཅང་ཁུའུ་ལེ་བར་གྱི་ལྕགས་ལམ(གོར་ཁུའུ་ལྕགས་ལམ)མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། 
       ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོ་སྡེ་ཚོགས་ཚད་ཡོད་ཀུང་སིའི་གོར་ཁུའུ་ལྕགས་ལམ་སྤྱི་ཁྱབ་ཇུས་འགོད་པ་ཧྥེང་ཏེ་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཤར་གཏོང་ཐུབ་པའི་གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་ནང་ན་གོར་མོ་ལྷོ་རྒྱུད་དང་། ཝུའུ་ཐུའུ་མེ་རེན། ཀན་སེན། ཧྭ་ཐུའུ་ཀུའུ། མང་ཡ་གྲོང་རྡལ་སོགས་འབབ་ཚུགས་15གསར་དུ་བསྐྲུན་ཡོད་པ་དང་། ལམ་ཐིག་རིང་ཚད་སྤྱི་ལེ་505.6ཟིན་ཡོད། འཛུགས་སྐྲུན་གྱི་ཚད་གཞི་ནི་རྒྱལ་ཁབ་ཀྱི་ལྕགས་ལམ་Iརིམ་པའི་གློག་ཤུགས་ཅན་གྱི་ལྕགས་ལམ་རྐྱང་པ་ཡིན་པ་དང་། འགྲོས་ཚད་ཇུས་འགོད་ནི་ཆུ་ཚོད་རེ་ལ་སྤྱི་ལེ་120ཡིན་པ། དེའི་བྱེད་ནུས་ནི་འགྲུལ་ཟོག་གཉིས་ཀ་སྐྱེལ་བའི་ལྕགས་ལམ་ཡིན་པར་གནས་ངེས་བྱས་ཡོད།
      གོར་ཁུའུ་ལྕགས་ལམ་མཚོ་སྔོན་དུམ་བུ་དེ་2014ལོའི་ཟླ་12ཚེས་15ཉིན་ལས་འགོ་བཙུགས་པ་རེད། འཛུགས་སྐྲུན་ནང་ཞུགས་མཁན་མི་སྣས་ལམ་རྒྱུད་ཀྱི་གནམ་གཤིས་ཐན་པ་ཆེ་བ་དང་། བྱེ་རླུང་ཆེ་བ། སྨུག་ཕྱིའི་འོད་ཆེ་བ། འདམ་རྫབ་ཡོད་སར་ཨར་ལས་དཀའ་ཚད་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་གསོད་བྱས་ཏེ་ལོ་5ལྷག་ཙམ་གྱི་ཨར་ལས་འཛུགས་སྐྲུན་བྱས་པ་བརྒྱུད། གོར་ཁུའུ་ལྕགས་ལམ་གྱི་མཚོ་སྔོན་ལམ་དུམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། གོར་ཁུའུ་ལྕགས་ལམ་གྱི་མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་ཐུབ་རྗེས། འགྲུལ་སྐྱེལ་མེ་འཁོར་ཆ་1དང་དངོས་ཟོག་མེ་འཁོར་ཆ་2གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། 
      གོར་ཁུའུ་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནས་འགོ་བརྩམས་ཡོད་པ་དང་། ཁུ་ནུ་རི་བོའི་བྱང་འདབས་དང་ཚྭ་འདམ་གཤོང་སའི་ལྷོ་ཕྱོགས་ནས་ནུབ་ཕྱོགས་སུ་བསྐྱོད་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སླེབས་པ་དང་།  ཨར་ཅིན་ཧྲན་རི་བོ་བརྒྱུད་དེ་ཁུའུ་ལེ་གྲོང་ཁྱེར་ལ་སླེབས་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་1213.7ཟིན་ཡོད། 
      གོར་ཁུའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ད་ལོའི་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད། ལམ་ཐིག་ཤར་གཏོང་ཐུབ་རྗེས། ན་གོར་མོ་ནས་ཁུའུ་ལེ་བར་བསྐྱོད་པར་དེ་སྔའི་ཆུ་ཚོད་26དེ་ཆུ་ཚོད་12བར་ཐུང་དུ་འགྲོ་རྒྱུ་རེད།

༄༅།།གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་བྱས།

༄༅།།གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་དངོས་སུ་ཤར་གཏོང་བྱས།

  • 顶 0