གནམ་དེ་བས་སྔོ་ཞིང་ཆུ་དེ་ལས་དྭངས་སུ་བཅུག

2020-06-24
0

རང་ཁུལ་གྱིས་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་ནུས་ཁུངས་ཀྱི་ལས་རིགས་འཕེལ་རྒྱས་བཏང་།

གནམ་དེ་བས་སྔོ་ཞིང་ཆུ་དེ་ལས་དྭངས་སུ་བཅུག

བྲག་མགོ་རྫོང་གུང་ཐང་སྒང་འོད་ཤུགས་གློག་འདོན་ས་ཚུགས།

རང་ཁུལ་གྱི་ས་ཁམས་གནས་བབ་ལེགས་ཤིང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན། ནུས་ཁུངས་ཐོན་ཁུངས་ཚང་མ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཡིན་ཞིང་། རྒྱལ་ཁབ་རིམ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རྟེན་གཞི་དང་ནུབ་གློག་ཤར་སྐྱེལ་གྱི་ནུས་ཁུངས་རྟེན་གཞི་གལ་ཆེན།བོད་གློག་ཕྱིར་གཏོང་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་བཅས་ཡིན་པ་རེད། ཁུལ་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་གཞུང་ལུགས་གསོག་ཚད་སྟོང་ཝ་ཁྲི5000ལས་བརྒལ་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་སྤྱིའི་གསོག་ཚད་ཀྱི་བརྒྱ་ཆ29ལ་ཟིན་པ་དང་ལག་རྩལ་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི4130ལ་ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་གསར་སྤེལ་ཆོག་པའི་ཤོང་ཚད་ཀྱིས་བརྒྱ་ཆ30བཟུང་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་ཁྲོད་ཨང་གསུམ་པར་བསླེབས་ཡོད་པ་རེད། དེའི་ནང་འབྲི་ཆུ་དང་ཉག་ཆུ།རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཅས་གཙང་པོ་གཉིས་དང་ཆུ་བོ་གཅིག་གི་འབབ་རྒྱུད་གཙོ་བོ་གསར་སྤེལ་ཐུབ་པའི་ཤོང་ཚད་ཧ་ལམ་སྟོང་ཝ་ཁྲི2649ཡོད་ཅིང་། ཁག་བགོས་ནས་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཆུ་གློག་རྟེན་གཞི་བཅུ་གསུམ་གྱི་ནང་ཨང་དང་པོ་དང་ཨང་གསུམ་པ། ཨང་ལྔ་པ་ཡིན་ཞིང་། གཞན་པའི་ཡན་ལག་ཆུ་བོ་མང་པོའི་གསར་སྤེལ་ཤོང་ཚད་སྟོང་ཝ་ཁྲི1481ལ་ཟིན་ཡོད་པ་རེད། ཉི་འོད་ནུས་པའི་ཐོན་ཁུངས་ཀྱི་གཞུང་ལུགས་གསོག་ཚད་སྟོང་ཝ་དུང་ཕྱུར1.2ཙམ་ལ་ཟིན་པ་དང་ལག་རྩལ་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི5455ལ་ཟིན་པ། རླུང་ནུས་ཐོན་ཁུངས་ཀྱི་རིགས་པའི་གཞུང་ལུགས་གསོག་ཚད་སྟོང་ཝ་ཁྲི1000ཙམ་ལ་ཟིན་པ། ལག་རྩལ་གསར་སྤེལ་བྱེད་ཚད་སྟོང་ཝ་ཁྲི200ཡས་མས་ལ་ཟིན་པ་རེད།

སྐྱེ་ཁམས་ནུས་ཁུངས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

སྤྱི་ཟླ5པའི་ཚེས15ཉིན། དཀར་མཛེས་ཁུལ་གྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རྟེན་གཞིའི་འཆར་འགོད་ཞིབ་འཇུག་ཞིབ་དཔྱད་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། རྒྱལ་ཁབ་ནུས་ཁུངས་ཅུས་དང་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་། སི་ཁྲོན་ཞིང་ཆེན་ནུས་ཁུངས་ཅུས། ཀྲུང་གོའི་གློག་ཤུགས་ཚན་རིག་ཁང་། ཀྲུང་གོའི་ཚན་རིག་ཁང་། ཆིང་ཧྭ་སློབ་ཆེན། ཆུ་གློག་ཆུ་བེད་འཆར་འགོད་སྤྱི་ཁྱབ་ཁང་བཅས་ཀྱིས་མཉམ་དུ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས《དཀར་མཛེས་ཁུལ་གྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རྟེན་གཞིའི་འཆར་འགོད་ཞིབ་འཇུག(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》ལ་ཞིབ་བཤེར་བྱས་པ་རེད། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་དོན། ཁུལ་ཡོངས་སུ་འོད་ཤུགས་གསར་སྤེལ་བྱེད་ཚད་སྟོང་ཝ་ཁྲི5455དང་རླུང་གློག་སྟོང་ཝ་ཁྲི200གསར་སྤེལ་བྱས་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2500ཙམ་གཏང་རྒྱུའི་འཆར་གཞི་འགོད་པ་རེད།

འགན་འཁུར་བས་རྒྱལ་ཁབ་ཀྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་རྟེན་གཞི་བསྐྲུན་རྒྱུ་ནི་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་ཡིན། ཚན་རིག་དང་མཐུན་ཞིང་ལས་ཆོད་མཐོ་བ།དངོས་གཉེར་བྱས་ནས་ཁུལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་ཞིང་། ཐོན་ཁུངས་ཀྱི་ལེགས་ཆ་མངོན་པ་དང་བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་གྱི་གྲུབ་འབྲས་ཆེ་རུ་བཏང་བར་བརྟེན། དབུལ་ཐར་འགག་སྒྲོལ་གྱི་ཕན་ཡུན་རིང་བའི་ལམ་སྲོལ་འཛུགས་སྐྱོང་བྱས་པས་མ་ཚད། གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བྱེད་ཡས་ཀྱི་སྟོབས་ཤུགས་ཆགས་པ་རེད་ཅེས་བཤད་པ་རེད།

ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཕྱིན་ཆད་ཀྱི་དུས་རིང་ཞིག་གི་ནང་དཀར་མཛེས་ཁུལ་གྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་ཁུངས་རྟེན་གཞིའི་ནང་ཆུ་གློག་དང་རླུང་གློག འོད་ནུས་བཅས་གཅིག་གྱུར་འཆར་འགོད་བྱས་ནས་དུས་རབས་གསར་པར་རྒྱལ་ཁབ་ཀྱི་ནུས་ཁུངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་དང་མཐུན་ལ། དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་གཙོ་བོར་བྱས་པའི་སྐྱེ་ཁམས་སྔོན་དུ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་དང་ཡང་མཐུན་པ་རེད། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་དེ་བཞིན་དུ་རྒྱུད་གཅིག་ལམ་གཅིག་གི་དགོངས་དོན་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་འགན་ལེན་གལ་ཆེན་ཡང་ཡིན་པ་རེད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྔར་བས་སྲ་བརྟན་གཏོང་བར་དམ་འཛིན་བྱེད་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན་པ་རེད་ཞེས་བཤད་པ་རེད།

སྐྱེ་ཁམས་ནུས་ཁུངས་ཐོན་ལས་ཀྱིས་དབུལ་ཐར་འགག་སྒྲོལ་མཇུག་བསྡུ་བར་རམ་འདེགས་བྱས།

སྤྱི་ཟླ6པའི་ཚེས3ཉིན་བྲག་མགོ་རྫོང་ཉི་མོ་ཡུལ་ཤོག་སྡུ་མ་གྲོང་སྡེའི་གྲོང་མི་སྟོབས་ལྡན་གྱིས་གླ་ཕོགས་བླངས་མ་ཐག་ངས་འཁྱག་སྒམ་ཞིག་ཉོ་རྩིས་ཡོད། ཉི་མོ་ཡུལ་ཤོག་གུང་ཐང་སྒང་འོད་ཤུགས་གློག་ཁང་བསྐྲུན་རྗེས་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་ཕྱིན་སོང་ཞེས་བཤད།

ན་ལོའི་སྤྱི་ཟླ4པར་གུང་ཐང་སྒང་འོད་ཤུགས་གློག་ཁང་གི་དུས་རིམ་གཉིས་པའི་ལས་གྲྭ་བསྐྲུན་རྒྱུའི་རྨང་གཞི་བཏིང་ནས་གུང་ཐང་སྒང་འོད་ཤུགས་གློག་ཁང་གི་ལས་བཟོའི་སྡོད་གནས་དངོས་སུ་སྐྲུན་མགོ་ཚུགས་ཡོད། སྟོབས་ལྡན་གྱིས་ལས་ཡུལ་དུ་གླ་བརྒྱག་རྒྱུ་རག་ནས་ཟླ་བ་རེར་ཡོང་འབབ་བརྟན་པོ་ཡོད་པ་རེད། ཁོས་གསར་འགོད་པར་ལོ་ལྟར་ལོ་མཇུག་ཏུ་གུང་ཐང་སྒང་འོད་ཤུགས་གློག་ཁང་གིས་ང་ལ་ཁོ་ཚང་གི་རྩྭ་ར་བོགས་མ་ལེན་པའི་བོགས་དངུལ་སྒོར་ཁྲི་གཉིས་ཙམ་སྤྲད་ལེ་རེད་ཅེས་བཤད། བྲག་མགོ་རྫོང་ལི་ཁོག་མ་ཡུལ་ཤོག་དང་ཉི་མོ་ཡུལ་ཤོག་ཏུ་དུད་ཚང48ཀྱི་རྩྭ་ར་ཚང་མ་གོང་ཐང་སྒང་འོད་ཤུགས་གློག་ཁང་གིས་བོགས་མར་བླངས་ཡོད། ཆ་སྙོམས་དུད་ཚང་རེར་ལོ་རེར་བོགས་དངུལ་སྒོར་ཁྲི1ཙམ་ཐོབ་བཞིན་ཡོད་པ་རེད།

དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཕན་འབྲས་དེ་བྲག་མགོ་རྫོང་ཁོ་ན་ཙམ་མིན་པར།འབའ་ཐང་རྫོང་སོ་བ་ནང་ཡུལ་ཤོག་གི་གནམ་གཤིས་དྲོན་པོ་ཡིན་པས་ཤིང་ཏོག་དང་སྔོ་ཚལ་འབེལ་པོ་ཐོན་གྱི་ཡོད། སྔོན་ཆད་འཚོང་ལམ་མེད་པའི་རྐྱེན་གྱིས་མང་ཚོགས་ཚོས་དེར་བརྟེན་ནས་ཡོང་འབབ་འཕར་ཐབས་བྲལ། ད་ལོར་སོ་བ་ནང་གློག་ཁང་འཛུགས་སྐྲུན་ལས་གཞིར་མི་འབོར་ཆེན་འཛོམས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་ཤིང་འབྲས་དང་སྔོ་ཚལ་ཚང་མ་ལས་ཡུལ་དུ་ཉོ་སྒྲུབ་བྱས་པ་རེད། ཉག་ཆུ་རྫོང་མགར་ར་གྲོང་རྡལ་མགར་ར་གྲོང་སྡེ་ནི་མ་གཞི་གྲོང་སྡེ་དཀྱུས་མ་ཞིག་ཡིན་ཞིང་།ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་སྐྲུན་པའི་ལས་གཞིར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག ཁུལ་ཕྱི་ནང་གི་ཚོང་གཉེར་བྱེད་མཁན་མི་ཉུང་བ་ཞིག་དེར་ཚོང་རྒྱག་སར་འོངས་བ་རེད། ད་ལྟ་གྲོང་སྡེ་དེར་གྲོང་རྡལ་ཞིག་གི་ནུས་པའི་བཀོད་པ་ཡོད་པ་དང་ཚོང་ཁང་ཆེ་ཆུང་བཅུ་ཕྲག་ཁ་ཤས་ཡོད། ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་ཀྱང་དེའི་རྐྱེན་གྱིས་ཚོང་བདག་དང་ཁང་བདག་གམ་ལས་ཞུགས་ཀྱི་གོ་སྐབས་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དབུལ་ཐར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས་ཁུལ་མངའ་ཁོངས་ཀྱི་ནུས་ཁུངས་གཙང་མའི་གསར་སྤེལ་ཁེ་ལས་ཀྱིས་ཁྱིམ་ཚང་གཅིག་གི་བརྩེ་བའི་ས་ཁོངས་ལྟ་བ་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལྟ་བ། མིག་མངས་འགྲིག་སྐོར་གཅིག་གི་སྤྱི་ཡོངས་ལྟ་བ། གྲུ་གཟིངས་གཅིག་གི་འབད་འབུངས་ལྟ་བ། མཉམ་དུ་ཕྱུག་པའི་འབྱོར་ཕྱུག་ལྟ་བ་བཅས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཡོད། 2018ནས2019ལོའི་བར། ཁུལ་ཡོངས་ཀྱི་ཆུ་གློག་ཁེ་ལས་ཀྱིས་མིའི་ཐེངས་གྲངས23376བཀོལ་སྤྱོད་བྱས་པའི་ནང་སྤྱི་ཕན་རང་བཞིན་གྱི་ལས་གནས4095ཡོད་པ་དང་གནས་སྐབས་ལས་མིའི་ཐེངས་གྲངས19177བཀོལ་ཡོད། ས་གནས་དེ་གའི་ཆེད་སྦྱོང་ཚན་ཁག་དང་དེའི་ཡན་གྱི་ཡོན་ཚད་ཡོད་པའི་སློབ་ཐོན་སློབ་མ104བསྡུས་ནས་མང་ཚོགས་དབུལ་པོར་འབབ་འཕར་སྒོར་དུང་ཕྱུར1ཡན་བྱུང་ཡོད། མི་གཅིག་ལས་ཞུགས་ཐུབ་ན་ཁྱིམ་མི་ཚང་མ་དབུལ་ཐར་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱས་པ་དང་ཆབས་ཅིག འོད་ཤུགས་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་ཧུར་ཐག་བྱས་ནས་འོད་ཤུགས་དབུལ་སྐྱོར་གློག་ཁང18བསྐྲུན་ཡོད། རིམ་རྩིས་བྱས་ན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི21.8ལ་ཟིན་པ་དེ་རང་ཁུལ་གྱི་རྫོང་ཁག11གི་གྲོང་སྡེ857གྱི་དབུལ་སྐྱོར་བྱ་ཡུལ25000ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་ལོ་ལྟར་དབུལ་སྐྱོར་མ་དངུལ་སྒོར་ཁྲི2400ལྷག་ཙམ་བཏང་བ་རེད། འོད་ཤུགས་དབུལ་སྐྱོར་བྱ་ཡུལ་གྱིས་ནུས་པས་གང་ལྕོགས་ཀྱི་ངལ་རྩོལ་ལ་བརྟེན་ནས་ངལ་ལས་ཡོང་འབབ་ཐོབ་པར་བསྔགས་སྐུལ་གང་ལེགས་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བཞིན་པ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱས་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

དྭངས་གཙང་གི་ནུས་ཁུངས་འཕེལ་རྒྱས་བཏང་ནས་ཚོང་རའི་འགྲན་སློང་བྱེད་ནུས་རྒྱུན་མཐུད་དུ་ཇེ་དྲག་བཏང་།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་བསྐྱར་སྐྱེས་ནུས་ཁུངས་ཀྱི་ཐོན་ཁུངས་གསར་སྤེལ་འཛུགས་སྐྱོང་གི་འཕེལ་རིམ་ཇེ་མགྱོགས་བཏང་ནས་ཆུ་གློག་གིས་གཙོ་བོ་བྱས་པའི་ནུས་ཁུངས་གཙང་མའི་ཐོན་ལས་དེ་ཁུལ་ཡོངས་ཀྱི་གཙོ་བོའི་ཐོན་ལས་ཀྱི་གྲས་སུ་གྱུར་ཡོད། ཉི་ནུས་སོགས་ནུས་ཁུངས་གསར་པ་གསར་སྤེལ་དང་འཛུགས་སྐྲུན་བྱེད་མགོ་བཙུགས་ཡོད་པ་རེད། མིག་སྔའི་བར་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི1256(ཆུ་གློག་སྟོང་ཝ་ཁྲི1219དང་ཉི་ནུས་སྟོང་ཝ་ཁྲི37)ལ་ཟིན་པ་དང་སྟོང་ཧྥུ500ཡི་གློག་སྒྱུར་ས་ཚུགས8བསྐྲུན་ཟིན་པ་རེད།

དཀར་མཛེས་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་སྣ་ཁ་མང་བ་དང་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ། གསར་སྤེལ་ཆོག་པའི་སྤྱི་འབོར་མང་བ་བཅས་ཡིན་ཞིང་། རླུང་ནུས་ཐོན་ཁུངས་དང་ཉི་ནུས་ཐོན་ཁུངས་ཀྱི་ནུས་ཤུགས་འདོན་པ་ཚང་མར་དགུན་དུས་དང་དཔྱིད་དུས་ཆེ་བ། དབྱར་དུས་དང་སྟོན་དུས་ཆུང་བའི་ཁྱད་ཆོས་མངོན་ཡོད། འོན་ཀྱང་ཆུ་ཤུགས་ཐོན་ཁུངས་ཀྱི་ནུས་ཤུགས་འདོན་ཤུགས་ཆེ་ཙམ་ཡོད། གྲུབ་ཟིན་པའི་གློག་འདོན་ནུས་པ་དང་སྐྱེལ་ནུས་བེད་སྤྱོད་ལུགས་མཐུན་བྱེད་པ་ཡིན་ཏེ་ཡུལ་ལྗོངས་དང་ཆུ་ཟུང་འབྲེལ་དམ་ཚགས་བྱས་རྗེས། ནུས་ཁུངས་གཙང་མ་གསབ་རེས་རང་བཞིན་ཆེ་རུ་ཕྱིན་ནས་ནུས་ཁུངས་སྤུས་ཚད་དེ་བས་ལེགས་པ་དང་མཁོ་སྤྲོད་དེ་བས་བརྟན་པོ། ཚོང་རའི་འགྲན་སློང་ནུས་པ་དེ་བས་ཆེ་བ་བཅས་ཡོང་རྒྱུ་རེད། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས2021ལོ་ནས་བཟུང་། རང་ཁུལ་གྱི་ཉག་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སོ་བ་ནང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྲ་གདུང་ཁུག་མ་སོགས་སྟོང་ཝ་ཁྲི800ཙམ་ལ་ཟིན་པའི་ཆུ་གློག་ས་ཚུགས་ཆེ་གྲས་ཀྱིས་སྔོན་རྗེས་སུ་གློག་གཏོང་མགོ་འཛུགས་རྒྱུ་རེད་ཅེས་བཤད་པ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། ཆུ་གློག་ཕྱིར་གཏོང་ལེ་ལག་ཚང་བའི་སྟོང་ཧྥུ800ཡི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭ་ལས་མགོ་འཛུགས་རྒྱུ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་འོག་སི་ཁྲོན་དང་ཁྲུང་ཆིང་གི་མཐའ་སྐོར་དྲ་བའི་སྟོང་ཧྥུ1000ཡི་ཆེས་མཐོ་གནོན་སྤེལ་རེས་ལས་གྲྭ་ཡང་སྤེལ་མགོ་འཛུགས་རེ་ཡོད་པ་རེད། རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་བསྐྱར་སྐྱེས་ནུས་ཁུངས་ནུས་མང་གསབ་རེས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་པའི་ཆ་རྐྱེན་གཞི་རྩའི་ཐོག་འཛོམས་ཡོད་པ་རེད།

ཉི་ནུས་དང་རླུང་ནུས་ཀྱི་ལས་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱེད་པར་བརྟེན། འོད་ཤུགས་དང་རླུང་གློག་སོགས་འབྲེལ་ཡོད་བཟོ་སྐྲུན་ཐོན་ལས་དང་། ཇུས་འགོད་བློ་འདྲི་སྡེ་ཚན། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བཅས་སྒོར་དུང་ཕྱུར1000ལས་མི་ཉུང་བའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་འཛོམས་ནས་ས་ཁོངས་ཀྱི་ནུས་ཁུངས་གསར་པའི་བཟོ་སྐྲུན་ལག་རྩལ་རིམ་སྤོར་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་ཡོད། དཀར་མཛེས་ཁུལ་གྱི་ས་གནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་བཏོད་ནས་ས་གནས་དེ་གའི་ནུས་ཁུངས་གསར་པའི་གློག་གཏོང་གི་འགྲན་སློང་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག གསར་སྤེལ། མཉམ་སྤྱོད་དང་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཏན་ཏིག་བསྟར་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ཏེ་ནུས་ཁུངས་གསར་པ་བཟོ་སྐྲུན་བྱེད་པའི་ལག་རྩལ་རིམ་སྤར་དང་ཐོན་ལས་གསར་གཏོད་བྱེད་པར་བརྟེན་ནས་ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་བའི་འགྲན་སློང་བྱེད་ནུས་ཆེ་རུ་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱས་པ་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་འཆམ་མཐུན། འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྤྱི་ཡོངས་ཀྱི་དམིགས་ཡུལ་ལ་གཞིགས་ནས་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་ཁུལ་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་པ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་སྤྱི་འདོམས་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་དང་གསེར་རི་དངུལ་རི་གཉིས་གཅིག་གྱུར་དམ་ཚགས་ཀྱི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་བཏོན་ཡོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ། ཉག་ཆུ་བཅས་འབབ་རྒྱུད་ཀྱི་སྤྱི་ལེ་བརྒྱ་ཅན་གྱི་ཐོན་ལས་ས་རྒྱུད་དང་ཆུ་གློག ཉི་ནུས། རླུང་ནུས་སོགས་སྐྱེ་ཁམས་ནུས་ཁུངས་ལས་རིགས་ཀྱི་ཚོང་ར་གཙོ་བོར་བྱེད་པའི་ལས་གཞི་འཛུགས་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ལས་གྲྭའི་ལས་གཞི93གཏན་འཁེལ་བྱས་པ་རེད། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར239.6821གཏང་རྒྱུ་ཡིན་པ་དང་གསར་སྐྲུན་དུས་རིམ་ལ་མ་དངུལ་སྒོར་དུང་ཕྱུར185.3536དང་རིམ་འཕར་དུས་རིམ་ལ་མ་དངུལ་སྒོར་དུང་ཕྱུར54.3285བཏང་ཡོད་པ་རེད།།

  • 顶 0