ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

2019-10-31
0

       ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་༢༠༡༩ལོའི་ཟླ་བ་༡༠པའི་ཚེས་༣༡་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་། ༢༠༡༩ ལོའི་ཟླ་བ ༡༠ པའི་ཚེས ༢༨ ཉིན་ནས་ཚེས ༣༡ ཉིན་གྱི་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་འཚོགས།

       ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན། ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་བཅུ་མེད་གཉིས་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་རེ་དགུ་ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ནང་གི་གཞི་རིམ་བློ་མཐུན་དང་ཆེད་མཁས་ཤེས་ཡོན་པ་ཁ་ཤས་ཀྱང་གྲོས་ཚོགས་ནང་ཟུར་ཞུགས་བྱས།

      ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་། ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་གནང་བའི་ལས་ཀའི་སྙན་ཞུར་གསན་པ་མ་ཟད་གྲོས་བསྡུར་བྱས། ཀྲུང་གོ་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་གནད་དོན་གལ་ཆེན་དུ་མའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞི་ཅིན་ཕིང་གིས་ཆོད་དོན་གྱི་གྲོས་ཞིབ་མ་ཟིན་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀར་གདེང་འཇོག་གང་ལེགས་གནང་། ཚང་མས། རྒྱལ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་ཇེ་མང་སོང་བའི་ཛ་དྲག་གནས་བབས་ལ་འཕྲད་དུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབས་ཆེན་པོ་གཉིས་ཁོང་དུ་ཡག་པོ་ཆུད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཡག་པོ་སྒྲུབ་པ། འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་ངེས་ཤུགས་ཇེ་ཆེར་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས། སྣེ་ལྔ་ཕུང་གཅིག་གི་སྤྱིའི་བཀོད་པར་མུ་མཐུད་གཅིག་གྱུར་སྐུལ་འདེད་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ཁག་སེལ་བ་དང་འབད་པ་ལྷོད་མེད་ཀྱིས་མདུན་དུ་བསྐྱོད་པར་མཐུན་བསྒྲིལ་སྣེ་ཁྲིད་བཅས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོའི་ཐོག་ཏང་སེམས་དང་དམག་སེམས། དམངས་སེམས་སྐུལ་སློང་དང་གཅིག་བསྡུས་བྱས་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལས་བཅོས་བསྒྱུར་མུ་མཐུད་བྱེད་པའི་ཆོད་སེམས་ཇེ་དྲག་བཏང་ཡོད། དམ་བཅའ་ཡིད་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མངོན་གསལ་ཡིན་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་ལས་ཀ་སོ་སོ་བདེ་བླག་ངང་གྲུབ་པ། བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་བརྟན་པོས་འཕེལ་རྒྱས་ཡོང་བ། མཐའ་གཅིག་ཏུ་འགག་སྒྲོལ་ལས་ཀ་ཆེན་པོ་གསུམ་དང་རིགས་མི་འདྲ་བའི་ཉེན་ཁ་སོ་སོར་ཁ་གཏད་གཅོག་པའི་ལས་ཀ་ནུས་གོ་ཆོད་པ། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་ཟབ་སྤེལ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་ཡོད་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཏང་དང་མི་དམངས་ཀྱིས་ཡུན་རིང་ལག་ལེན་འཚོལ་ཞིབ་ཁྲོད་ཆགས་པའི་ཚན་རིག་ལམ་ལུགས་ཀྱི་མ་ལག་ཅིག་རེད། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་ཀ་ཡོད་ཚད་དང་བྱེད་སྒོ་ཚང་མ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལྟར་སྤེལ་བ་ཡིན་ལ། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་དེ་བཞིན་དུ་ལག་བསྟར་ནུས་པའི་ཕྱོགས་བསྡུས་མཚོན་བྱེད་ཡིན་ཞེས་བཏོན་ཡོད་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་གཞུང་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་བླངས་ཡོད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཟབ་མོ་བྱས་ཏེ། མུ་མཐུད་དུ་འཚོལ་ཞིབ་ལག་ལེན་དང་མུ་མཐུད་དུ་བཅོས་སྒྱུར་གསར་གཏོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་བཏང་ནས། ཏང་གི་དབུ་ཁྲིད་དང་དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། དམག་དོན། ཕྱི་དོན་སོགས་ཕྱོགས་སོ་སོའི་ལམ་ལུགས་གྲུབ་པ་དང་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་ཇེ་དྲག་དང་འཐུས་ཚང་བཏང་ནས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ང་ཚོའི་ཏང་གིས་མི་དམངས་སྣེ་ཁྲིད་ནས་གནས་ལྔ་ཕུང་གཅིག་གི་སྤྱི་ཡི་བཀོད་པ་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་སྤེལ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་མཐོར་འདེགས་བཏང་བས། ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་གཅིག་གྱུར་ལ་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད། ལག་ལེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་མར་ཁེ་སི་རིང་ལུགས་དེ་མཛུབ་སྟོན་དང་ཀྲུང་གོ་ས་ཆེན་ལ་རྐང་ཚུགས་པ། ཀྲུང་ཧྭ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ། མི་དམངས་ཀྱི་བརྩི་སྲུང་ཆེན་པོ་ཐོབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ་མ་ཟད། ཚེ་སྲོག་གི་ནུས་སྟོབས་དྲག་པོ་དང་ཁྱད་ནུས་རང་བཞིན་ཆེན་པོ་ཡོད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་ལ། མུ་མཐུད་དུ་མི་དུང་ཕྱུར་བཅུ་བཞི་ལ་ཉེ་བའི་མི་གྲངས་ཡོད་པའི་རྒྱལ་ཁབ་ཆེན་པོའི་ཡར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད། ལོ་ངོ་སྟོང་ལྔའི་ཤེས་རིག་དར་བའི་ལོ་རྒྱུས་ཡོད་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་ཞེས་ངོས་འཛིན་བྱུང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་མངོན་པར་གསལ་བའི་ལེགས་ཆ་མང་པོ་ཡོད། གཙོ་བོ་ནི། ཏང་གི་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་གཞུང་རྒྱུན་འཁྱོངས། ཆབ་སྲིད་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་པར་ཁག་ཐེག་བྱེད་པའི་མངོན་པར་གསལ་བའི་ལེགས་ཆ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མང་ཚོགས་དང་དམ་དུ་འབྲེལ་བ། མི་དམངས་རྒྱབ་བརྟེན་བཅོལ་ཏེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་མངོན་པར་གསལ་བའི་ལེགས་ཆ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་དྲང་བདེན་དྲང་བཞག་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་མངོན་པར་གསལ་བའི་ལེགས་ཆ། རྒྱལ་ཡོངས་གཞི་གཅིག་ལ་འཛིན་པ། ཕྱོགས་སོ་སོའི་ལེགས་ཆ་འདོན་སྤེལ་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུས་གཅིག་ཏུ་བསྒྲིལ་ནས་དོན་ཆེན་གཉེར་བའི་མངོན་པར་གསལ་བའི་ལེགས་ཆ། མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་བཏང་སྟེ། མཉམ་ཅིག་ཏུ་མཐུན་སྒྲིལ་འབད་འབུངས་དང་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བའི་མངོན་པར་གསལ་བའི་ལེགས་ཆ། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་གྱི་ཐུན་མོང་འཕེལ་རྒྱས་དང་ལས་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་ཐོབ་སྤྲོད་བྱེད་ཚུལ་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཚོང་རའི་དཔལ་འབྱོར་བར་ཟུང་འབྲེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་མངོན་པར་གསལ་བའི་ལེགས་ཆ། ཐུན་མོང་གི་ཕུགས་བསམ་འདུ་ཤེས་དང་རིན་ཐང་ལྟ་བ། ཀུན་སྤྱོད་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བཏང་སྟེ། མི་དམངས་ཡོངས་རྫོགས་བསམ་སྤྱོད་གཉིས་ཀྱི་ཐོག་ནས་གོང་བུ་གཅིག་ཏུ་བསྒྲིལ་བའི་མངོན་པར་གསལ་བའི་ལེགས་ཆ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ལེགས་དང་། མི་དམངས་བདེ་ཞིང་སྐྱིད་པ་བྱས་ཏེ། ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་ཏུ་བགྲོད་པའི་མངོན་པར་གསལ་བའི་ལེགས་ཆ། བཅོས་བསྒྱུར་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཤིང་། རང་ལུས་འཛུགས་སྐྱོང་དང་རང་ཉིད་འཕེལ་རྒྱས་གཏོང་མཁས་པ། སྤྱི་ཚོགས་ལ་གསོན་ཤུགས་རྒྱས་འཇུག་པའི་མངོན་པར་གསལ་བའི་ལེགས་ཆ། སྤྱོད་ཡོན་གཉིས་ལྡན་དང་བཟང་འདེམས་འཇོན་བསྐོས་བྱས་ཏེ། འཇོན་མི་ཡོངས་འགུག་དང་། ཕུལ་བྱུང་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་པའི་མངོན་པར་གསལ་བའི་ལེགས་ཆ། ཏང་གིས་དམག་ལ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་ཏང་དང་མི་དམངས་ལ་བློ་དཀར་བར་ཁག་ཐེག་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་འགན་སྲུང་བྱེད་པའི་མངོན་པར་གསལ་བའི་ལེགས་ཆ། རྒྱལ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་མངོན་པར་གསལ་བའི་ལེགས་ཆ། རང་བཙན་རང་བདག་དང་ཕྱི་ཕྱོགས་སྒོ་འབྱེད་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཡོངས་ཀྱི་བཅོས་སྐྱོང་ནང་དུ་ཞུགས་གང་ཐུབ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་བྱས་རྗེས་རྒྱུན་ཆད་མེད་པར་འཇོག་པའི་མངོན་པར་གསལ་བའི་ལེགས་ཆ་བཅས་ཡོད་པ་རེད། མངོན་པར་གསལ་བའི་ལེགས་ཆ་འདི་དག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཇེ་བརྟན་གཏོང་བའི་གཞི་རྩའི་རྟེན་ས་ཡིན་ཞེས་ནན་གྱིས་བསྟན་པ་རེད།

          ཚང་འཛོམས་གྲོས་ཚོགས་ཐོག ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན། འགན་སྲུང་གཉིས་ཡག་པོ་བསྒྲུབ་པ། ཏང་གི་འགོ་ཁྲིད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས།བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས།ལམ་ལུགས་གཙོ་བོ་བཅས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། རྨང་གཞི་ཇེ་བརྟན་དང་ལེགས་ཆ་འདོན་སྤེལ། མི་འདང་ས་ཁ་གསབ། ཞན་ས་ལེགས་བཅོས། མ་ལག་ཆ་ཚང་དང་ཚན་རིག་དང་མཐུན་པའི་ཚད་གཞི་འཛུགས་པ་དང་། ཕན་འབྲས་ལྡན་པའི་ལམ་ལུགས་མ་ལག་འཁོར་སྐྱོད་བྱེད་པ། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་བཅས་ལ་ཤུགས་བརྒྱབ་ནས། རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་སྔར་ལས་ཡག་པའི་སྒོས་རྒྱལ་ཁབ་བཅོས་སྐྱོང་གི་བྱེད་ནུས་ལ་བསྒྱུར་ནས། ལོ་ངོ་བརྒྱ་ཐམ་པ་གཉིས་ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

         ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་དམིགས་འབེན་ནི། ང་ཚོའི་ཏང་བཙུགས་ནས་ལོ་བརྒྱ་འཁོར་དུས། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་ཇེ་བརྟན་ཡོང་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ༢༠༣༥ལོར་ཤར་དུས། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་ཡིན་དགོས།གཞི་རྩའི་ཐོག་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། ཀྲུང་གོ་གསར་པ་བཙུགས་ནས་ལོ་བརྒྱ་འཁོར་དུས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་མངོན་པར་བྱེད་དགོས་ཞེས་བསྟན་པ་རེད།

          ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། ཏང་གི་ཚན་རིག་དང་མཐུན་པའི་སྲིད་འཛིན་དང་དམངས་གཙོ་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་ཏང་རྩ་འཛུགས་དང་སྲིད་གཞུང་སྡེ་ཁག དམག་དཔུང་། མི་དམངས། སློབ་མ་བཅས་དང་། ཤར་ནུབ་ལྷོ་བྱང་ཁྲོད། ཏང་གི་ཡོད་ཚད་ལ་འགོ་ཁྲིད་ཡོད་པས། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་དང་ཁྱོན་ཡོངས་ཀྱི་འཛིན་སྐྱོང་འཐུས་ཚང་། ཕྱོགས་སོ་སོའི་ཏང་གི་འགོ་ཁྲིད་ལམལུགས་མ་ལག་མཐུན་སྦྱོར་བྱས་ནས་ཏང་གི་འགོ་ཁྲིད་པ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། གོ་རིམ་སོ་སོར་ལག་བསྟར་བྱེད་དགོས།དམ་བཅའ་ཡིད་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ཁུར་བའི་ལམ་ལུགས་འཛུགས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་དང་ཕྱོགས་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་ལམ་ལུགས་ཁག་འཐུས་ཚང་དང་ཇེ་བརྟན་གཏོང་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དང་མི་དམངས་ཀྱི་དོན་དུ་སྲིད་འཛིན་པ། མི་དམངས་ལ་བརྟེན་ནས་སྲིད་འཛིན་པའི་ལམ་ལུགས་ཁག་འཐུས་ཚང་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་བའི་ལམ་ལུགས་འཐུས་ཚང་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལམ་ལུགས་འཐུས་ཚང་གཏོང་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས། ངེས་པར་དུ་མི་དམངས་གཙོ་བོ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་ནས། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ལས་དོན་དང་། དཔལ་འབྱོར་དང་རིག་གནས་ལས་དོན། སྤྱི་ཚོགས་ལས་དོན་བཅས་ལ་དོ་དམ་བྱེད་པར་ཁག་ཐེག་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་རྩ་བའི་ཆབ་སྲིད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་མཛད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱ་ཆེ་བའི་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་བརྟན་པོ་དང་འཕེལ་རྒྱས་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་ཚང་དང་གསོན་ཤུགས་རྒྱས་པ་བྱེད་དགོས་ཞེས་བསྟན་པ་རེད།

       ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཁྲིམས་འཛིན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་་ནང་ཁུལ་གྱི་བླང་བྱ་རེད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་མཉམ་དུ་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཀྱི་གཅིག་འདུས་འཛུགས་སྐྱོང་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དང་འགན་སྲུང་བྱས་ནས། ཁྲིམས་འཛུགས་སྒྲིག་གཞི་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ཇེ་དྲག་གཏོང་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲི་གཏན་འཁེལ་གསལ་པོ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གཞིར་བཟུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྤྱི་ཚོགས་ལས་དོན་དོ་དམ། མི་དམངས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་འགན་འཁྲི་ཆེན་པོ་འཁུར་ཡོད། སྲིད་འཛིན་ལས་ཁུངས་ཡོད་ཚད་ཀྱིས་ངེས་པར་དུ་མི་དམངས་ལ་ཞབས་འདེགས་བྱེད་པ་དང་། མི་དམངས་ལ་འགན་འཁུར་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་རྒྱུན་འཁྱོངས་དང་། སྲིད་འཛིན་རྣམ་པ་གསར་གཏོད་བྱེད་ཅིང་སྲིད་འཛིན་གྱི་ཕན་འབྲས་ཇེ་མཐོར་བཏང་ནས། མི་དམངས་ཀྱི་བློར་བབས་པའི་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་སྲིད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་ཇེ་ལེགས་གཏོང་བ་དང་། སྲིད་གཞུང་གི་རྩ་འཛུགས་སྒྲིག་གཞི་ཇེ་ལེགས་བཏང་ནས། ཀྲུང་དབྱང་དང་ས་ཁུལ་གཉིས་ཀྱི་དགེ་མཚན་ལྡན་པའི་ལམ་ལུགས་ནང་རྐྱེན་འཐུས་ཚང་དང་ཕན་ནུས་འདོན་གང་ཐུབ་བྱེད་དགོས་ཞེས་བསྟན་པ་རེད།

         ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། དཔལ་འབྱོར་སྤུས་ཀ་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་། བགོ་བཤའ་བྱེད་ཐབས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་ལམ་ལུགས་སོགས་སྤྱི་ཚོགས་རིང་ལུགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མཚོན་ཐུབ་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་མཐུན་པས། ཏང་དང་མི་དམངས་ཀྱི་རླབས་ཆེ་བའི་གསར་སྐྲུན་རེད་ཅེས་བསྟན་པ་རེད། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་། ཚོང་ར་ཡི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་གཏན་འཁེལ་རང་བཞིན་གྱི་ནུས་པ་ཡག་པོ་འདོན་སྤེལ། སྲིད་གཞུང་གི་བྱེད་ནུས་ཡག་པོ་བཏོན་ནས་འཕེལ་རྒྱས་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ། མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྲོག་ཤིང་ཏུ་འཛིན་པ་རྒྱུན་འཁྱོངས་བཅས་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་གཏོང་དགོས། བློ་བརྟན་འགྱུར་མེད་དུ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་དུ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་དང་རྒྱབ་སྐྱོར། མཛུབ་སྟོན་བཅས་བྱ་དགོས། རྩོལ་བསྟུན་ཐོབ་སྤྲོད་སྲོག་ཤིང་དུ་འཛིན་ཞིང་། ཐོབ་སྤྲོད་ཐབས་ལམ་མང་པོ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་ཇེ་མགྱོགས་དང་། ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་ནང་རྐྱེན་འཐུས་ཚང་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ལམ་ལུགས་གསར་བ་འཛུགས་སྐྱོང་བྱ་དགོས་ཞེས་བསྟན་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས། མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲན་བརྟན་བཟོ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཏུ་བསྒྱུར་བའི་རྒྱབ་རྟེན་གཙོ་བོ་ཡིན་པས། ངེས་པར་དུ་རིག་གནས་ཡིད་ཆེས་ཇེ་བརྟན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་ནན་མོ་བྱ་དགོས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་བྱས་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ཡག་པོ་བསྐྲུན་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་གཞི་རྩའི་ལམ་ལུགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བའི་རིན་ཐང་ལྟ་བ་ཡིས་རིག་གནས་འཛུགས་སྐྱོང་ཐད་མཛུབ་སྟོན་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་གཏོང་བ་དང་། གླེང་ཕྱོགས་ཡང་དག་ལ་ཁྲིད་སྟོན་བྱེད་པའི་ལས་ཀའི་ལམ་ལུགས་འཐུས་ཚང་བཏང་ནས། སྤྱི་ཚོགས་ཀྱི་ཕན་འབྲས་གཙིགས་སུ་འཛིན་པ་དང་། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་གཅིག་གྱུར་བྱེད་པའི་རིག་གནས་གསར་གཏོད་ཐོན་སྐྱེད་ལམ་ལུགས་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་གཏོང་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་འཚོ་འགན་སྲུང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས། མི་དམངས་ཀྱི་ཉིན་རེ་བཞིན་གོང་འཕར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐང་དགོས། མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། མི་དམངས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་ནི་ང་ཚོས་སྤྱི་ཡི་ཆེད་དུ་ཏང་འཛུགས་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་གཞི་རྩའི་བླང་བྱ་ཡིན་པས། ངེས་པར་དུ་བྱིས་པ་སློབ་གྲྭ་འགྲོ་ཐུབ་པ་དང་། སློབ་ན་ཁྲིད་མཁན་ཡོད་པ། ལས་ན་ཐོབ་ཆ་ཡོད་པ། ན་ན་བསྟེན་ས་ཡོད་པ། རྒན་ན་གསོ་མཁན་ཡོད་པ། འདུག་སའི་ཁང་པ་ཡོད་པ། ཉམ་ཐག་ལ་རོགས་སྐྱོར་ཡོད་པ་སོགས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་བཏང་ནས། སྤྱི་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མ་མཐའི་ཚད་གཞི་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ཇེ་དྲག་གཏོང་བར་གཙིགས་མཐོང་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལ་ཁག་ཐེག་བྱ་དགོས། མི་དམངས་ཀྱི་རིམ་པ་མི་འདྲ་བ་དང་རྣམ་པ་མང་པོའི་དགོས་མཁོ་བསྐངས་ནས། བཅོས་བསྒྱུར་འཕེལ་རྒྱས་གྲུབ་འབྲས་མང་པོ་ཡིས་སྔར་ལས་དྲང་བདེན་གྱིས་སྒོ་ནས་དམངས་ཡོངས་ལ་ཕན་ཐོག་འཇུག་དགོས། སྔར་ལས་འཐུས་ཚང་དང་སྔར་ལས་སྤུས་ཚད་མཐོན་པོའི་སྒོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་འཐུས་ཚང་བཏང་ནས། དམངས་ཡོངས་ཀྱི་མི་ཚེ་གང་བོའི་སློབ་ཚད་ཐད་ལ་ཞབས་ཞུ་སྒྲུབ་པའི་སློབ་གསོའི་མ་ལག་བཙུགས་ནས། དམངས་ཡོངས་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོ་གཏོང་བའི་ལམ་ལུགས་འགན་ལེན་ཇེ་དྲག་གཏོང་དགོས། དབུལ་བྲལ་འགག་སྒྲོལ་ལས་རྣམ་པ་རྒྱལ་བར་བྱས་ནས། ལྟོས་བཅས་ཀྱི་དབུལ་ཕོངས་སེལ་བའི་ཡུན་ཕན་ནང་རྐྱེན་འཛུགས་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག མཉམ་འཛུགས་མཉམ་སྐྱོང་མཉམ་རོལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། སྤྱི་ཚོགས་བརྟན་བརླིང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན། ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ཇེ་དྲག་དང་གསར་གཏོད་གཏོང་བ་དང་། ཏང་ཨུའི་འགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁྲི། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་ཀྱི་མཐུན་སྦྱོར། སྤྱི་དམངས་ནང་ཞུགས། ཁྲིམས་སྐྱོང་འགན་སྲུང་། ཚན་རྩལ་རྒྱབ་རྟེན་བཅས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་གཏོང་དགོས། མི་ཚང་མར་འགན་ཡོད་པ་དང་། མི་ཚང་མས་འགན་འཁུར་བ། མི་ཚང་མས་སྤྱོད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ཡོད་བྱེད་དགོས་པ་མ་ཟད། ཆུ་ཚད་མཐོན་པའི་བདེ་འཇགས་ཅན་གྱི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས། གནས་བབ་གསར་པའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་ནུས་ལྡན་ནང་རྐྱེན་འཐུས་ཚང་གཏོང་བ་དང་། སྤྱི་ཚོགས་བདེ་སྐྱོང་འགོག་སྲུང་མ་ལག་འཐུས་ཚང་གཏོང་བ། སྤྱི་བའི་བདེ་འཇགས་ལམ་ལུགས་ནང་རྐྱེན་འཐུས་ཚང་འཛུགས་སྐྱོང་དང་། གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་གི་གནས་བབ་གསར་པ་འཛུགས་སྐྱོང་བྱས་ནས། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་གཏོང་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་དམངས་ཀྱི་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལོ་ངོ་སྟོང་གི་ཇུས་ཆེན་དང་འབྲེལ་བ་དམ་པོ་ཡོད། ངེས་པར་དུ་འབག་མེད་རི་ཆུ་ནི་གསེར་རི་དངུལ་ལས་རྩ་ཆེ་བའི་འདུ་ཤེས་ལག་བསྟར་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས། གྲོན་ཆུང་དམིགས་སུ་འཛིན་པ་དང་། སྲུང་སྐྱོང་དམིགས་དུ་བཀར་བ། རང་བྱུང་བསྐྱར་གསོ་གཙོ་བྱས་པའི་བྱེད་ཐབས་རྒྱུན་འཁྱོངས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་པོ། སྐྱེ་ཁམས་ཡག་པོའི་ཡ་རབས་ལྡན་པའི་འཕེལ་རྒྱས་བགྲོད་ལམ་ཐོག་སྐྱོད་པ་རྒྱུན་འཁྱོངས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟན་ནན་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཐོན་ཁུངས་ནུས་མཐོའི་བེད་སྤྱོད་ལམ་ལུགས་འཛུགས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོའི་ལམ་ལུགས་འཐུས་ཚང་འཛུགས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་འགན་འཁྲི་ལམ་ལུགས་གསལ་པོ་གཏོང་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས། མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་གིས་དུས་རབས་གསར་པའི་ལས་འགན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་ནི་མི་དམངས་དམག་དཔུང་གི་དམག་འཛུགས་ཀྱི་རྩ་བ་ཡིན་པ་མ་ཟད། དམག་དཔུང་སྟོབས་ལྡན་གཏོང་བའི་གནད་འགག་ཀྱང་རེད། ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་བསམ་བློས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་མཛུབ་སྟོན་གྱི་གོ་གནས་སྲ་བརྟན་བཏང་ནས། རྒྱལ་སྲུང་དང་དམག་དཔུང་བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད། ཟབ་སྤེལ་བཅས་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་འགྲུབ་པར་ཁག་ཐེག་བཅས་བྱས་ཏེ། མི་དམངས་དམག་དཔུང་དེ་ཁྱོན་ཡོངས་ནས་འཛམ་གླིང་རྩེ་གྲས་སུ་སླེབས་པའི་དམག་དཔུང་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་འབེན། རང་གཤིས་བཅས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་དམག་དཔུང་གི་ཆེས་མཐོ་བའི་འགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་དེ་ཏང་ལ་དབང་བ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་དམག་དཔུང་གི་ཏང་གི་འཛུགས་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་བཙུགས་ནས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་དེ་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྱབ་ཁོངས་སོ་སོའི་གོ་རིམ་ཡོངས་སུ་ལག་བསྟར་བྱེད་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས་མེས་རྒྱལ་ཞི་བས་གཅིག་འགྱུར་ཡོང་བར་བྱེད་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཏང་གིས་མི་དམངས་འགོ་ཁྲིད་དེ་མེས་རྒྱལ་ཞི་བས་གཅིག་འགྱུར་གཏོང་བའི་ལམ་ལུགས་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་རེད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་ནན་གྱིས་གཞིགས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས་ལ་དོ་དམ་བཅོས་སྐྱོང་བྱེད་དེ་ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོའི་ནང་འབྱོར་ཕྱུག་བརྟན་བརླིང་ཡོང་བར་བྱེད་དགོས། དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་དགོས། མེས་རྒྱལ་ཞི་བས་གཅིག་འགྱུར་ཡོང་བར་བྱེད་དེ་མཚོ་འགག་ངོགས་གཉིས་སྤེལ་རེས་མཉམ་ལས་འཐུས་ཚང་གཏོང་བ་དང་། མཚོ་འགག་ངོགས་གཉིས་མཉམ་དུ་འཕེལ་རྒྱས་ཟབ་མོ་གཏོང་བ། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་དང་འབྲེལ་བའི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འགན་སྲུང་བཅས་བྱས་ནས་རྒྱ་ཆེ་བའི་ཐའེ་ཝན་སྤུན་ཟླ་དང་མཐུན་སྒྲིལ་བྱས་ནས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་དང་གཅིག་འགྱུར་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་དགོས། རྒྱལ་ནང་རྒྱལ་སྤྱི་བཅས་གནས་བབ་ཆེན་པོ་གཉིས་ལ་གཅིག་འགྱུར་འཆར་འགོད་བྱེད་དེ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོས་བསྒྲེངས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་དང་མཉམ་དུ་འཕེལ་རྒྱས་གཏོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་པའི་ནང་རྐྱེན་དང་ལམ་ལུགས་འཐུས་ཚང་གཏོང་བ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་རྣམ་པ་འཐུས་ཚང་གཏོང་བ། མཉམ་ལས་གཉིས་ཁེའི་སྒོ་འབྱེད་མ་ལག་འཛུགས་སྐྱོང་བཅས་བྱས་ནས་འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཛུགས་སྐྱོང་བྱེད་པའི་ནང་ཞུགས་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ནས་དབང་ཆ་བེད་སྤྱོད་པར་བཀག་སྡོམ་དང་ལྟ་སྐུལ་ཇེ་དྲག་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་དུས་ཡུན་རིང་པོའི་ནང་སྲིད་འཛིན་པར་རང་ཉིད་སྤྱོད་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་བསྒྱུར་བཅོས། རང་ཉིད་མཐོ་འདེགས་གཏོང་བའི་ལམ་ལུགས་འགན་སྲུང་གལ་ཆེན་རེད། ཏང་ཡོངས་གཅིག་འགྱུར་འགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁེབས་པ། དབང་གྲགས་ལྡན་ཞིང་ནུས་པ་མཐོ་བའི་ལྟ་སྐུལ་མ་ལག་ངེས་པར་དུ་འཐུས་ཚང་གཏོང་དགོས། ལྟ་སྐུལ་བྱེད་པའི་ནན་ཏན་རང་བཞིན་དང་མཐུན་སྦྱོར་རང་བཞིན། གོ་ཆོད་རང་བཞིན་ཇེ་དྲག་བཏང་ནས། འཐབ་ཇུས་ཚན་རིག་དང་མཐུན་པ། ལག་བསྟར་ནན་མོ། ལྟ་སྐུལ་ནུས་ལྡན་བྱེད་པའི་དབང་ཆ་འཁོར་སྐྱོད་ནང་རྐྱེན་བཙུགས་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་རུང་བ། བྱེད་མི་འདོད་པའི་ལམ་ལུགས་ནང་རྐྱེན་བཙུགས་ནས་ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་ཡིས་མི་དམངས་ལ་དུས་ནམ་ཡང་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བྱེད་པ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་རེད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་འདུ་ཤེས་ཇེ་དྲག་གཏོང་བ་དང་འགོ་ཁྲིད་ནས་ལམ་ལུགས་དབང་གྲགས་སྲུང་སྐྱོང་བྱེད་པ། ལམ་ལུགས་ལག་བསྟར་བྱེད་པའི་མིག་དཔེ་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལམ་ལུགས་རང་རྟོགས་ཀྱིས་སྲུང་བ་དང་། ལམ་ལུགས་ལག་བསྟར་ནན་མོ། ལམ་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ལམ་ལུགས་རིག་གཞུང་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་ཇེ་དྲག་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས། ཁྱད་འཕགས་རང་བཞིན་བཅས་ལ་ངོས་འཛིན་བྱེད་པར་སྣེ་ཁྲིད་ནས་ལམ་ལུགས་ཡིད་ཆེས་བརྟན་པོ་བྱེད་དགོས། རྒྱ་ཆེ་བའི་ལས་བྱེད་པར་སྐུལ་འདེད་བྱས་ནས་ལམ་ལུགས་ལྟར་འགན་སྒྲུབ་པ་དང་དབང་ཆ་སྤྱོད་པ། ལས་དོན་སྒྲུབ་པ་བཅས་བྱས་ནས་གནས་ལྔ་ཕུང་གཅིག་ཅེས་པའི་སྤྱིའི་བཀོད་སྒྲིག་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སོགས་ལས་སྒྲུབ་ནུས་པ་དང་ཆུ་ཚད་ཇེ་ཡག་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ལྷན་གྱི་རྗེས་སྣོན་ཨུ་ཡོན་བློ་མཐུན་མ་ཀྲེང་ཝུའུ་དང་མ་ཝེ་མིང་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་ཁ་སྣོན་བྱ་རྒྱུའི་ཐག་བཅད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གུང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་བློ་མཐུན་ལིའུ་ཧྲི་ཡུས་ཀྱིས་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་སྔོན་བློ་མཐུན་ལིའུ་ཧྲི་ཡུས་ལ་ཏང་ནང་དུ་ཐོབ་ཐང་བཞག་ནས་ལོ་གཉིས་རིང་ལྟ་ཞིབ་བྱེད་པའི་ཆད་པ་བཅད་པར་གཏན་འཁེལ་བྱས།

ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔ་ལས་མཐུན་སྒྲིལ་དམ་པོ་དང་ཡིད་ཆེས་ཆེན་པོ། ཆོད་སེམས་བརྟན་པོ། འབད་པ་ཡར་བརྩོན་དང་གསར་གཏོད་གསར་བསྐྲུན་གང་ཐུབ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་པ་ལྷོད་མེད་བྱ་དགོས་པའི་འབོད་སྐུལ་བཏང་བ་རེད།

  • 顶 0