ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས།

2019-09-20
0

1.jpg

 སྤྱི་ཟླ9པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30ཐོག  ཁུལ་ཡོངས་ཀྱི2019ལོའི་དུས་ཚིགས་གསུམ་པའི་ལས་གཞི་གལ་ཆེན་གཅིག་བསྡུས་སྐྲུན་འགོ་ཚུགས་པ་དང་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་སྐྲུན་འགོ་ཚུགས་པའི་སྐུལ་སློང་བྱེད་སྒོ་དེ་ལྕགས་ཟམ་རྫོང་རྫ་གླིང་གྲོང་སྡེའི་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་ཡུལ་དངོས་སུ་སྤེལ་བ་རེད།ཐེངས་འདིར་སྐྲུན་འགོ་ཚུགས་པའི་ལས་གཞི་ཁྱོན་བསྡོམས60ཡོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར236.28བཏང་བའི་ནང2019ལོར་མ་དངུལ་སྒོར་དུང་ཕྱུར29.8གཏང་རྒྱུའི་འཆར་གཞི་ཡོད་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལས་གཞི་སྐྲུན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་ནི་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི་གལ་ཆེན60དངོས་སུ་སྐྲུན་འགོ་ཚུགས་པ་མཚོན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྐྲུན་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ་རེད།

2.jpg

ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཧྥེ་བཅས་བྱེད་སྒོ་ནང་ཞུགས་ཡོད་པ་རེད།

3.jpg

ཞའོ་ཡིའུ་ཚའེ་ཡིས་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས་པ་ནི་རང་རེའི་ཁུལ་གྱིས་ཁུལ་ནང་ཁུལ་དུ་མྱུར་བགྲོད་གཞུང་ལམ་དྲ་སྦྲེལ་གྱི་འཛུགས་སྐྲུན་བྱེད་པའི་ཐད་གལ་ཆེ་ཞིང་འགག་རྩའི་གོམ་སྟབས་ཤིག་སྤོས་པ་རེད། ལས་གཞི་དེ་བསྐྲུན་རྗེས་གཡག་རྔ་ནས་ཞི་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་དང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་མྱུར་བགྲོད་སྐོར་ལམ་ཆགས་པས་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་དང་ཁྲེང་ཏུའུ་དཔལ་འབྱོར་སྐོར་ལམ། ཕན་ཀྲི་ཧྭ་དང་ཞི་ཁྲང་དཔལ་འབྱོར་ཁུལ་སོགས་ཀྱི་བར་ཕན་ཚུན་འགྲིམ་འགྲུལ་དྲ་བས་སྦྲེལ་མཐུད་བྱས་ཤིང་། ཐོན་ཁུངས་རྒྱུ་རྐྱེན་ཕན་ཚུན་གསབ་རེས་དང་ཕན་ཚུན་ཁེ་ཕན་ཡོད་ཅིང་། ཕྱོགས་གཉིས་ཀའི་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་དང་སྐུལ་འདེད་བཅས་གཏིང་ཟབ་ཏུ་འགྲོ་ངེས་ཡིན་པ་རེད། ལྷག་པར་དུ་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་དུ་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་དང་གོ་སྐབས་གལ་ཆེན་ཐོབ་ངེས་རེད་ཅེས་བཤད།

4.jpg

སྐྲུན་འགོ་ཚུགས་པའི་མཛད་སྒོའི་ཐོག་སི་ཁྲོན་ལམ་ཟམ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ལས་ཀ་སྒྲུབ་སྟངས་སྐོར་ནས་གཏམ་བཤད་བྱས་པ་རེད།

5.jpg

ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འཐུས་ཚབ། མང་ཚོགས་ཀྱི་འཐུས་ཚབ། ཨར་ལས་རྒྱག་མཁན་ཕྱོགས་ཀྱི་འཐུས་ཚབ་བཅས་ཁྱོན་བསྡོམས་མི་སྟོང་ལ་ཟིན་པ་ཨར་ལས་འགོ་ཚུགས་པའི་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

6.jpg

ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ནི《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་འཆར་འགོད(2014ལོ་ནས2030ལོའི་བར)》ནང་གི་ལྷོ་ནུབ་སྦྲེལ་མཐུད་བྱས་པའི་འབར་ཁམས་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།  རྒྱལ་སྲུང་གཞུང་ལམ4218པ་ནི་སི་ཁྲོན་གཡག་རྔ་གྲོང་ཁྱེར་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཡེ་ཁྲེང་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་སྲུང་གཞུང་ལམ5པའི་པེ་ཅིང་ནས་ཡུན་ནན་ཁུའེ་མིང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་ཞིང་མངའ་ཁོངས་ནང་གི་འབྲེལ་འདྲིས་གཞུང་ལམ་ཞིག་ཡིན་པ་རེད།  ལས་གཞིའི་ཐད་ཚོད་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར160.73གཏོང་འཇོག་བྱས་པའི་གཞུང་ལམ་དེའི་རིང་ཚད་ཧྲིལ་པོ་སྤྱི་ལེ97ཡོད་པར་བརྟེན། ཆ་སྙོམས་སྤྱི་ལེ་རེའི་བཟོ་སྐྲུན་རིན་ཐང་སྒོར་དུང་ཕྱུར1.66ལ་ཟིན་པ་དང་འཛུགས་སྐྲུན་བྱེད་རིང་ལོ4ཡིན་པ་རེད།

8.jpg

ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་གཞུང་ལམ་བསྐྲུན་རྗེས། ལྕགས་ཟམ་རྫོང་ནས་ཧྲི་མེན་རྫོང་གི་བར་སྔོན་ཆད་རླངས་འཁོར་ཆུ་ཚོད་གཉིས་རྒྱུག་དགོས་པ་དེ་ཆུ་ཚོད་གཅིག་ཇེ་ཐུང་དུ་གཏང་ཐུབ་པ་རེད།

9.jpg

དུས་མཚུངས་སུ། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ཐད་ཀར་དུང་དཀར་ལུང་པར་ཤར་གཏོང་ཐུབ་པར་བརྟེན། མཛེས་ལྗོངས་དེ་དཀར་མཛེས་ཁུལ་གྱི་ཐེངས་དང་པོར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་རྒྱལ་ཁབ་ཀྱི་Aལྔ་རིམ་པའི་མཛེས་ལྗོངས་སུ་གྱུར་པ་རེད།

མྱུར་བགྲོད་གཞུང་ལམ་འདི་དུང་དཀར་ལུང་པ་དང་ཐེན་པཱ་ཆུ་བོ། ཨན་ཧྲེན་ཁྲང་བཅས་ཀྱི་ཡུལ་སྐོར་མཛེས་ལྗོངས་སྦྲེལ་མཐུད་བྱས་ནས་གངས་དཀར་རི་བོ་སྐོར་བའི་ཡུལ་སྐོར་ལས་རིགས་ལ་ཆ་རྐྱེན་དེ་བས་ཕུན་སུམ་ཚོགས་པོ་བསྐྲུན་ཐུབ་ངེས་རེད།

  • 顶 0