དཀར་མཛེས་རྫོང་གིས་སེང་ལྕམ་འབྲུག་མོ་བདམས།

2019-09-19
0


  སྤྱི་ཟླ་9ཚེས་17ཉིན།  གེ་སར་རྒྱལ་པོའི་མཁར་གྲོང་དུ་ལྷན་འཛོམས་བྱས་ནས་བཙུན་མོ་སེང་ལྕམ་འབྲུག་མོ་འཚོལ་བ་ཞེས་པའི་2019ལོའི་ཀྲུང་གོའི་དཀར་མཛེས་རྫོང་གི་ཡུལ་སྐོར་ཚབ་མཚོན་པ་འདེམས་སྒྲུག་འགྲན་བསྡུར་སྐབས་དང་པོ་དེ་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྲོང་དུ་སྤེལ་བ་རེད།

        སྤྱི་ཟླ་7པའི་ཚེས་23ནས་སྤྱི་ཟླ་8པའི་ཚེས་10ཉིན་བར་དུ་མིང་ཐོ་འགོད་པ་དང་།ཁྱོན་བསྡོམས་མིང་ཐོ་འགོད་མཁན་112བྱུང་ཡོད།

        སྤྱི་ཟླ་8པའི་ཚེས་29ནས་སྤྱི་ཟླ་9པའི་ཚེས་16ཉིན་བར་དྲ་ཐོག་ཏུ་འདེམས་ཤོག་འཕངས།

        མིང་ཐོ་འགོད་པའི་བདམས་ཐོན་པ་112ཁྲོད་ནས་གཟེངས་སུ་ཐོན་པའི་ཕུལ་བྱུང་བདམས་ཐོན་པ་53ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

ཕྱེད་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་ཡུལ་དངོས།

 རྒྱལ་ཡོངས་ཀྱི་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་ནས་ཡོང་བའི་ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་53གྱིས་གར་སྟེགས་ཐོག་རང་ཉིད་ངོ་སྤྲོད་དང་སྒྱུ་རྩལ་འགྲེམས་སྟོན།  འོས་སྦྱོར་གཏམ་བཤད་སོགས་ཀྱི་རྣམ་པའི་ཐོག་ནས་འགྲན་བསྡུར་བྱས་མཐར་གཟུགས་མཛེས་ཤིང་གཤིས་རྒྱུད་བཟང་བ་དང་།  འཇོན་ཐང་ཆེ་བ་བཅས་ཀྱི་མཛེས་མ་34རྟིང་རྩོད་འགྲན་བསྡུར་དུ་ཞུགས་པའི་གོ་སྐབས་ཐོབ་པ་རེད།

རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས།

    རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་ཡུལ་དུ་བུ་མོ་ཚོས་རང་ངོས་ཀྱི་ཡོན་ཏན་ཅི་ཡོད་མངོན་ཅི་ཐུབ་བྱེད།གར་སྟེགས་ཐོག་ཁོ་ཚོའི་མཉེན་ཞིང་སྒེག་པའི་བྱད་གཟུགས་དང་གདེང་ཚོད་ཀྱིས་ཁེངས་པའི་སྒེག་ཉམས་མངོན་བཞིན་གནའ་ཉམས་སོར་གནས་ཀྱི་བོད་ཀྱི་མཛེས་མའི་ཉམས་འགྱུར་མངོན་པ་དང་ཆབས་ཅིག  བོད་མི་རིགས་ཀྱི་གོས་རྒྱན་གྱི་ཁྱད་ཆོས་མངོན་ཅི་ཐུབ་བྱས་པར་བརྟེན། ལྟད་མོ་བ་ཚོས་ཐལ་སྒྲ་ཡང་ནས་ཡང་དུ་བརྡབས་པ་རེད། དེ་ཕུད་ཁ། བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་མངོན་སྟོན་བྱས་ནས་གསེར་འབྲུག་མོ་གདམ་གསེས་བྱེད་པའི་འཁྲབ་ཚན་དུམ་བུ་སླར་ཡང་མངོན་པ་བྱས་ནས་གར་སྟབས་ཀྱི་རྦ་རླབས་འཕྱུར།སྙན་ངག་གྱེར་འདོན་གྱི་སྐད་གསང་སྙན། བོད་ཀྱི་ཡིག་གཟུགས་ཀྱི་འབྲི་རྩལ་མངོན།བོད་ཀྱི་གོས་རྒྱན་འཁྲབ་སྟོན་ལ་སོགས་པའི་འགྲན་བསྡུར་ཚ་ཚ་འུར་འུར་བྱས་པར་བརྒྱུད།བོད་ཁུལ་གྱི་སྐད་གྲགས་ཡོད་པའི་རིག་གནས་ཆེད་མཁས་དང་། སྒྱུ་རྩལ་པ། གེ་སར་རིག་གནས་ཞིབ་འཇུག་ཆེད་མཁས།ཚབ་མཚོན་པ་གྲོས་འདྲི་བྱེད་ས་སོགས་མི་7ལས་གྲུབ་པའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་བྱད་གཟུགས་དང་བོད་རིགས་བུ་མོའི་གཤིས་རྒྱུད། བོད་ཁུལ་གྱི་ས་གནས་སོ་སོའི་གོས་རྒྱན་ཁྱད་ཆོས་བཅས་ཕྱོགས་གསུམ་ལ་གཞིགས་ནས་ཡུལ་དངོས་སུ་སྐར་མ་བརྒྱབ་མཐར།སྐར་མ་ཐོབ་ཚད་ལ་གཞིགས་ནས་མིང་རྟགས་བསྒྲིགས་པ་རེད།

སྐར་མ་རྒྱག་པའི་ཚད་གཞི།

    སྐར་མ་རྒྱག་སྟངས་ཀྱི་ཚད་གཞི་ནི་བྱད་གཟུགས་ལ་སྐར་མ་60 བོད་རིགས་བུ་མོའི་གཤིས་རྒྱུད་ལ་སྐར་མ་20 བོད་ཁུལ་གྱི་ས་གནས་སོ་སོའི་གོས་རྒྱན་ཁྱད་ཆོས་ལ་སྐར་མ་20ལྟར་བྱས་ནས་དཔྱད་བསྡུར་བྱས་པ་རེད།

    རྒྱལ་ཕམ་འགྲན་བསྡུར་ནང་འཇུག་པའི་བདམས་ཐོན་པ་30དེ་ཚོ་ཆུང་6ལ་བགོས་ནས་མི་5རེ་མཉམ་དུ་སྒེག་འགྲོས་བྱས་པ་རེད། སྒེག་འགྲོས་བྱས་རྗེས་གྲངས་རྒྱན་འཐེན་ནས་གོ་རིམ་ལྟར་རང་ངོས་ཀྱི་འཇོན་རྩལ་མངོན་སྟོན་བྱས་པ་རེད།

མཐར་གཏུག །དཀར་མཛེས་རྫོང་རི་འགོ་ཡུལ་ཤོག་ནས་འོངས་པའི་བདམ་ཐོན་པ་ཨང་རྟགས་50པ་བསྟན་འཛིན་གཡང་མཚོ་ལ་གསེར་འབྲུག་མོའི་མཚན་སྙན་རག་ནས་དཀར་མཛེས་རྫོང་གེ་སར་རྒྱལ་པོ་མཁར་གྲོང་གི་ཡུལ་སྐོར་ཚབ་མཚོན་པར་གྱུར་པ་རེད། དཀར་མཛེས་རྫོང་གོང་ལུང་ཡུལ་ཤོག་ནས་འོངས་པའི་བདམ་ཐོན་པ་ཨང་རྟགས་14པ་བློ་བདེ་སྐྱིད་ལ་དངུལ་ནེའུ་ཆུང་གི་མཚན་སྙན་རག་པ་དང་། སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ནས་འོངས་པའི་བདམ་ཐོན་པ་ཨང་རྟགས་41པ་སྒྲོལ་མ་ཚེ་མཚོ་ལ་གཡུ་གྲོ་ལོའི་མཚན་སྙན་རག་པས་མ་ཚད། བདམ་ཐོན་པ་ཨང་རྟགས་39པ་དང་ཨང་རྟགས་3པ། ཨང་རྟགས་49པ་གསུམ་ལ་ཆེས་ཕུལ་བྱུང་གི་འཇོན་རྩལ་འཁྲབ་སྟོན་པའི་བྱ་དགའ་རག་པ་རེད།  དེ་བཞིན་དུ་བདམ་ཐོན་པ་ཨང་རྟགས་51པ་སྒྲོལ་མ་གཡང་མཚོ་ལ་དྲྭ་ཐོག་ནས་འདེམས་ཤོག་འཕེན་པའི་བསྡོམས་གྲངས་རིམ་རྩིས་བྱས་ན་ཁྲི་689ཐོབ་པས་ཆེས་མཐོའི་གཤིས་འཇམ་བྱ་དགའ་རག་པ་རེད། ད་དུང་བཤད་རིན་ཡོད་པ་ཞིག་ནི་བྱ་དགའ་ཐོབ་མཁན་གྱི་བདམ་ཐོན་པ་7གླིང་གི་མོ་སྨན་བདུན་གྱི་ཐུན་མོང་ཚབ་མཚོན་པ་བྱ་རྒྱུ་རེད། །

གསེར་འབྲུག་མོའི་མཚན་སྙན་ཐོབ་མཁན་བསྟན་འཛིན་གཡང་མཚོ།

དངུལ་ནེའུ་ཆུང་གི་མཚན་སྙན་ཐོབ་མཁན་བློ་བདེ་སྐྱིད།

གཡུ་གྲོ་ལོའི་མཚན་སྙན་ཐོབ་མཁན་སྒྲོལ་མ་ཚེ་མཚོ།

ཆེས་འཇོན་རྩལ་ལྡན་པའི་མཚན་སྙན་ཐོབ་མཁན་ལས་ཨང་དང་པོ་བརྒྱད་ཟིལ་རྫོང་གི་ཀྲང་ཡུས་མེ།

ཆེས་འཇོན་རྩལ་ལྡན་པའི་མཚན་སྙན་ཐོབ་མཁན་ལས་ཨང་གཉིས་པ་དཀར་མཛེས་རྫོང་གི་གཡུ་མཚོ།

ཆེས་འཇོན་རྩལ་ལྡན་པའི་མཚན་སྙན་ཐོབ་མཁན་ལས་ཨང་གསུམ་པ་དཀར་མཛེས་རྫོང་གི་ཏིང་ལིང་།

ཆེས་མཐོ་བའི་གཤིས་འཇམ་གྱི་བྱ་དགའ་ཐོབ་མཁན་སྒྲོལ་མ་གཡང་མཚོ།

  • 顶 0