དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ཁག་དགུར་འཚོགས།

2019-08-14
0

 ཟླ༨ཚེས༡༣ཉིན་གྱི་སྔ་དྲོའི་ཆུ་ཚོད༩པར་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ཀྱི་གེ་སར་རིག་གནས་ཀྱི་གླེང་སྟེགས་གཙོ་བོ་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་གཉེར། སི་ཁྲོན། མཚོ་སྔོན། བོད་ལྗོངས། ཡུན་ནན་སོགས་ནས་ཡོང་བའི་ཁམས་པའི་རིག་གནས་དང་གེ་སར་རིག་གནས་ཀྱི་རིགས་གཅིག་མཁས་ཅན། མཁས་དབང་བཅས་མཉམ་དུ་འཛོམས་ནས་ཁམས་པའི་རིག་གནས་ཀྱི་ནང་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དང་གདན་ཞུས་ལྟར་མཐོ་རྩེའི་གླེང་སྟེགས་ནང་ཞུགས་མཁན་རིམ་ཁག་འགོ་ཁྲིད་དང་སྐུ་མགྲོན་ཁག་གཅིག་གིས་གླེང་སྟེགས་ཀྱི་གཏམ་བཤད་གསན་པ་རེད། 

རྒྱལ་ཡོངས་གེ་སར་ཞིབ་འཇུག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་ད་ཐེངས་ཀྱི་མཐོ་རྩེའི་གླེང་སྟེགས་ཀྱི་དུས་མཚམས་དང་པོའི༼ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ༽བྱེད་སྒོར་ཕྱོགས་སྡོམ་བྱས་པ་དང་ལོ་རྒྱུས་འབྱུང་ཁུངས་ཀྱི་བརྒྱུད་རིམ་དང་མཐོང་ཐོས་སྟབས་བདེ་ངང་བརྗོད་ཡོད། 

༼ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ༽བྱེད་སྒོ་དེ་ནི་ད་ཐེངས་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ཀྱི་དུས་མཚམས་དང་པོའི་བྱེད་སྒོ་ཞིག་རེད། བྱེད་སྒོ་ནི་གེ་སར་རྒྱལ་པོའི་རིག་གནས་རྒྱུན་འཛིན། ཞིབ་འཇུག་དར་སྤེལ་བཅས་ལ་ཤུགས་སྣོན་བརྒྱབ། གེ་སར་རྒྱལ་པོའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་། གེ་སར་རྒྱལ་པོའི་རྗེས་ཤུལ་སྲུང་སྐྱོབ་བྱེད་པའི་རྒྱབ་ལྗོངས་འོག་རྒྱལ་ཡོངས་ཀྱི་གེ་སར་རྒྱལ་པོའི་འགོ་ཁྲིད་ཚོ་ཆུང་གིས་དཀར་མཛེས་ཁུལ་གྱི་ཁམས་པའི་རིག་གནས་ཞིབ་འཇུག་གླིང་ལ་རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་གཞུང་ལས་ཁང་དུ་འགོ་ཁྲིད་པར་གདན་འདྲེན་ཞུ་རྒྱུའི་མངག་བཅོལ་བྱས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་དང་མཁས་དབང༤༦ཡིས་ཟླ༧པའི་ཚེས༣༡ཉིན་ནས་ཟླ༨པའི་ཚེས༡༡ཉིན་བར་ལམ་ཐག་སྤྱི་ལེ༧༠༠༠ལ་ཉེ་བ་བཅས། སི་ཁྲོན་དང་མཚོ་སྔོན། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་བཞི་དང་རང་སྐྱོང་ཁུལ་ལྔ་ཡི་རྫོང༡༩རུ་བསྐྱོད་ནས་འབྲེལ་ཡོད་གེ་སར་རྒྱལ་པོའི་རིག་གནས་གནའ་ཤུལ་ལ་བཅར་འདྲི་དང་རྟོག་ཞིབ་བྱས་པ་དང་མང་ཚོགས་དང་། སྡེ་ཁུལ། སྤྱི་ཚོགས་ཧྲིལ་པོ་བཅས་ལ་ཐོན་པའི་ཤུགས་རྐྱེན་འཚོལ་ཞིབ་ཧུར་ཐག་བྱས། མི་དེ་བས་མང་པོས་གེ་སར་རིག་གནས་ཤེས་རྟོགས་ཐུབ་པ་བཅས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ༧༠འཁོར་བར་ལེགས་སྐྱེས་ཕུལ་ཡོད། 

 ད་ཐེངས་ཀྱི་གླེང་སྟེགས་དེ་ནི་དངོས་གནས་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་རེད། དེ་ནི་ཚང་མས་གེ་སར་གྱི་ལོ་རྒྱུས་རིག་གནས་ལ་དགའ་པོ་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་པ་མ་ཟད།ཁམས་པའི་རིག་གནས་རྒྱུན་འཛིན་ཐད་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་དང་། ཁམས་པའི་རིག་གནས་ཀྱི་སྙིང་བཅུད་དེ་བས་ལེགས་པའི་སྒོ་ནས་དར་སྤེལ་གཏོང་བ། སྡེ་དགེ་རྫོང་གི་དམངས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་། རིག་གནས་ཀྱི་གདེང་ཚོད་གཏོད་པ་བཅས་ཀྱི་བྱ་ཐབས་བཟང་པོ་ཞིག་ཀྱང་རེད། 

རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་ལགས་ཀྱིས་དཔེ་གསར་མཚམས་སྦྱོར་གནང་།

 སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཤིས་ཚིག་ཕུལ།

ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་གཙོ་འགྱུར་མེད་ཆོས་དབྱིངས་ཀྱིས་དཔེ་གསར་འགྲེམ་སྤེལ་ངོ་སྤྲོད་ཚོགས་འདུའི་གཙོ་སྐྱོང་གནང་།

《མདོ་ཁམས་སྙན་ངག་བླ་སྲོག—གེ་སར་སྒྲུང་གི་ལོ་རྒྱུས་སྙན་ངག་སྐོར་གྱི་ཞིབ་འཇུག》 གི་རྩོམ་པ་པོ་ལིའུ་ཨན་ཆོན་གྱིས་གསར་རྩོམ་གྱི་རྒྱབ་ལྗོངས་དང་བརྒྱུད་རིམ་སོགས་ངོ་སྤྲོད་གནང་།


《གེ་སར་གནའ་དཔེ་དཔེ་ཚོགས》 དང 《མདོ་ཁམས་སྙན་ངག་བླ་སྲོག》 དཔེ་གསར་འགྲེམ་སྤེལ་ངོ་སྤྲོད་ཚོགས་འདུ། 

ཕྱི་དྲོར་མུ་མཐུད་དུ་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ཐོག་སྡེ་དགེ་རྫོང་ཚོང་འགུགས་དངུལ་འདྲེན་མཚམས་སྦྱོར་གྲོས་ཚོགས་ཁྲོད་དུ་དགེ་བའི་དུས་སུ་དགེ་བའི་གྲོགས་ཡོང་། དགེ་བའི་རི་ལ་ཆུ་ཡོད་དུས་སེམས་བཟང་མཐུན། མཛེས་སྡུག་ལྡན་པའི་དུས་ཚིགས་འདིར་དགེ་བའི་ལས་ལ་གཞོལ་ཏེ་ཐུན་མོང་ཐོག་མཉམ་ལས་ཀྱི་ཕུགས་འདུན་གླེང་ནས་སྤྲོ་སྣང་འཕེལ་བར་བྱེད་ཀྱི་ཡོད།  འཕེལ་རྒྱས་ཆེན་པོ་བཅས་ཀྱི་བརྒྱུད་རིམ་ནང་ཚོང་ལ་སྣང་ཆེན་དང་། ཚོང་ལ་དགའ་ཞེན། ཚོང་ལ་དགའ་མཁན་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་དེ་བས་སྒོ་འབྱེད་ཀྱི་རྣམ་པའི་ཐོག་ནས་དེ་བས་གཟིགས་སྐྱོང་གི་སྲིད་ཇུས། དེ་བས་སྤུས་ལེགས་ཀྱི་ཞབས་ཞུ། དེ་བས་ལྷུག་པའི་ཁོར་ཡུག་བཅས་ཀྱི་ཐོག་ནས་སྡེ་དགེ་ནི་ཚང་མའི་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་གནས་མཆོག་དང་རྒྱུ་ནོར་གཏོད་པའི་སྤྲོ་སྣང་གི་ས་གནས། བདེ་སྐྱིད་དང་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན། མཇུག་ཏུ་ཚང་མས་བདེ་སྐྱིད་ཁམས་བཟང་རྒྱུན་དུ་ཡོང་བ། བྱ་གཞག་དར་རྒྱས། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་རིག་གསར་རྩོམ་དཔྱད་གླེང་གི་ཡན་ལག་གླེང་སྟེགས། 

             བོད་ཡིག་ཡིག་གཟུགས་སྒྱུ་རྩལ་དཔྱད་གླེང་གི་ཡན་ལག་གླེང་སྟེགས་ཐོག་ཏུ་བོད་ཀྱི་ཡིག་གཟུགས་བྱུང་ཚུལ་དང་འཕེལ་རྒྱས་སྐོར་གླེང་བཞིན་འདུག བོད་ཀྱི་དུས་རབས་མང་པོ་ཞིག་བརྒྱུད་ནས་ཡིག་གཟུགས་ཀྱི་ཐད་ལ་འཕེལ་རྒྱས་གོང་འཕེལ་དུ་མ་བྱུང་། དེ་ནས་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཏེ་བསྟན་པ་ཕྱི་དར་གྱི་དུས་མགོ་ཙམ་དུ་ཁྱུང་པོ་གཡུ་ཁྲིས་སྔོན་བྱུང་དབུ་ཅན་གྱི་ཡིག་གཟུགས་མི་འདྲ་བ་སོ་སོའི་ལེགས་ཆ་རྣམས་ཕྱོགས་བསྡུས་ཀྱིས་དབུ་ཅན་གྱི་ཡིག་གཟུགས་ཚད་ལྡན་ཁྱུང་བྲིས་སུ་གྲགས་པ་དེ་ཐོག་མར་གཏན་ལ་ཕབ། ད་ལྟའི་དབུ་ཅན་འདི་སྔ་རབས་ཀ་བྲིས་ཀྱི་ལུགས་ཞེས་པ་ཐོན་མིའི་སྦལ་ནག་ན་ལ་བརྒྱངས་འདྲའི་བྲིས་རྒྱུན་དེ་ལས་ཁྱུང་བྲིས་ཀྱི་ལུགས་བྱུང་བ་མང་ལུགས་ཤ་གཟུགས་མ་དང་། ཁྱུང་པོའི་བརྒྱུད་པ་ལས་སྦལ་ལུགས་རུས་གཟུགས་མ་གཉིས་བྱུང་བ་སོགས་གྲོས་ཚོགས་ཐོག་ཏུ་ཡིག་གཟུགས་མཁས་ཅན་རྣམས་ཀྱིས་གསུངས་ཆ་མང་པོ་སྟོན། 

ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་དཔྱད་གླེང་གི་ཡན་ལག་གླེང་སྟེགས་ཐོག་ཏུ་ཀརྨ་སྒར་བྲིས་ནི་བོད་ཀྱི་ཤར་རྒྱུད་ནས་དར་ཏེ་བོད་ཀྱི་ཤར་ཕྱོགས་ཡུལ་གྲུར་དར་བའི་ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྱི་སྡེ་དགེ་དང་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་དར་བ་དང་སྤྱི་ལོའི་དུས་རབས༡༦པའི་ནང་བྱོན་པའི་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་ཐོག་མར་སྲོལ་གཏོད་གནང་ནས་ཀརྨ་པའི་སྨོན་ལམ་ཆེན་མོ་ནས་མིང་ཐོབ་པ་ཞིག་རེད་བསྟན་བཞིན་ཡོད། 

བོད་ལུགས་གསོ་རིག་འཕེལ་རྒྱས་སྐོར་གྱི་ཞིབ་གྲོས་ཚོགས་འདུ།

ཁམས་ཁུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་བགྲོ་གླེང་གི་ཡན་ལག་གླེང་སྟེགས།

གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག   


  • 顶 0