ཁམས་ཡུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་རྗེས་ཤུལ་འཚོལ་ནས་དཀར་མཛེས་ཁུལ་སྡེ་དགེའི་བཞུགས་མོལ་ཚོགས་འདུ།

2019-08-12
0

 ཟླ༨པའི་ཚེས༡༠ཉིན། ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ། ཚོགས་ཆུང་བཙལ་འཚོལ་གཉིས་དེ་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་འཚོགས། 

ཚོགས་འདུའི་ཐོག་དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་གི་ཡོན་ཀྲང་འགྱུར་མེད་ཆོས་དབྱིངས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་།  ཚོགས་འདུའི་ཐོག་གླིང་སྒྲུང་གི་རིག་གནས་ཞིབ་འཇུག་མཁས་དབང་གིས་གཏམ་བཤད་བྱས་པ་རེད། 

 དེ་སྔའི་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཀརྨ་རྒྱལ་མཚན་གྱིས་ཁམས་པའི་རིག་གནས་ཞིབ་འཇུག་གླིང་དང་རིགས་གཅིག་མཁས་དབང་གིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ད་རེས་ཀྱི་བཙལ་འཚོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ད་ཐེངས་ཀྱི་བོད་རིགས་ས་ཁུལ་ཁག་གི་མཐོང་ཡུལ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་ཁམས་པའི་རིག་གནས་གླིང་སྒྲུང་ཞིབ་འཇུག་ལ་འཚོལ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པར་ཕྱོགས་སྡོམ་བྱས་ཡོད་ཅེས་བཤད།

           དཀར་མཛེས་ཁུལ་གླིང་སྒྲུང་སློབ་ཚོགས་ཀྱི་རིགས་གཅིག་མཁས་ཅན་ལིའུ་ཨན་ཆུང་གིས་དགོན་སྡེའི་རིག་གནས་ལ་བརྟེན་ནས་གླིང་སྒྲུང་གི་རིག་གནས་དེ་བས་ཕུན་སུམ་ཚོགས་སུ་བཏང་སྟེ་གླིང་སྒྲུང་གི་བླ་སྲོག་སྔར་བས་ར་སྤྲོད་བྱེད་དགོས་པའི་བསམ་འཆར་བཏོན།

གངས་ལྗོངས་ཉི་གཞོན་གྱི་དུས་དེབསྤྱི་ཁྱབ་རྩོམ་སྒྲིག་པ་དགེ་རྒན་ཆེན་མོ་བ་དཀོན་མཆོག་རྡོ་རྗེས་བཤད་རྒྱུར། གེ་སར་རིག་གནས་ཁྱབ་སྤེལ་གཏོང་རྒྱུའི་ཐད་ཚགས་པར་དང་། དུས་དེབ། བརྙན་འཕྲིན། དྲ་རྒྱ། སྨྱན་སྦྱོར་གསར་པ་བཅས་བརྒྱུད་བོད་རྒྱ་དབྱིན་གསུམ་སྤྱད་དེ་དྲིལ་བསྒྲགས་འཕྲིན་སྤེལ་བྱས་པ་མ་ཟད། ཡི་གེ་རིག་པའི་ཐད་དང་དམངས་སྲོལ་གྱི་ཐད། ལོ་རྒྱུས་ཀྱི་རྩ་རྒྱུད་དང་གནའ་རྫས་རྟོག་ཞིབ་སོགས་རིགས་དབྱེ་ནས་གེ་སར་རིག་གནས་ལ་ཞིབ་འཇུག་བྱེད་དགོས་པའི་བསམ་འཆར་བཏོན། ད་དུང་གླིང་སྒྲུང་རིག་གནས་ཞིབ་འཇུག་གི་གྲངས་གཞིའི་མཛོད་བཙུགས་ནས་གླིང་སྒྲུང་རིག་གནས་འཚོལ་བསྡུ་དང་ལེགས་སྒྲིག་བྱ་རྒྱུའི་རེ་འདུན་བཏོན།

   དཀར་མཛེས་ཁུལ་གླིང་སྒྲུང་སློབ་ཚོགས་ཀྱི་རིགས་གཅིག་མཁས་ཅན་དཔལ་ལྡན་རྒྱ་མཚོས། ད་ཐེངས་ཀྱི་གེ་སར་གྱི་རྗེས་ཤུལ་འཚོལ་སྐབས་ཉིན་མ་བཅུ་ལྷག་ལ་གྲངས་རིང་རྟོག་ཞིབ་བྱས་པ་བརྒྱུད་མཚོ་སྔོན་ཡུལ་ཤུལ་དང་མགོ་ལོག་སོགས་ཀྱི་གླིང་སྒྲུང་རིག་གནས་ལ་མཐོང་ཆེན་བྱེད་པ་དང་དར་སྤེལ་དང་དྲིལ་བསྒྲགས་བྱེད་པའི་ཐད་མངོན་གསལ་དོད་པའི་གྲོས་འགོ་བཏོན་ཏེ་སྡེ་དགེ་དང་ཨ་ཕྱུག་གི་སྐུ་བརྙན་བཞེངས་སྐྲུན་བྱེད་ཀྱི་ཡོད་ཅེས་བཤད། གཞན་ཡང་གླིང་སྒྲུང་གི་རིག་གནས་རྒྱུན་འཛིན་བྱེད་མཁན་དེ་བས་མང་བ་གསོ་སྐྱོང་བྱས་ནས་གླིང་སྒྲུང་ཞིབ་འཇུག་ལ་རྒྱུན་འཛིན་བྱེད་མཁན་ཡོད་པ་བྱེད་དགོས་པ་བསྟན།

 དཀར་མཛེས་ཁུལ་གླིང་སྒྲུང་སློབ་ཚོགས་ཀྱི་རིགས་གཅིག་མཁས་ཅན་མགོན་པོ་རྣམ་རྒྱལ་གྱིས་རང་ཉིད་ཀྱིས་ལོ་མང་རིང་ལ་བརྟག་དཔྱད་བྱས་པ་བརྒྱུད་ཕུན་སུམ་ཚོགས་པའི་དཔྱད་གཞི་གསོག་འཇོག་བྱས་པ་དང་གླིང་སྒྲུང་གི་རྗེས་ཤུལ་ལ་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་དགེ་མཚན་ལྡན་པའི་བསམ་འཆར་བཏོན་ཏེ་ས་གནས་ཐོག་ཏུ་འབྲེལ་ཡོད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གནའ་ཤུལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་ལག་བསྟར་བྱེད་ཐུབ་རང་བཞིན་བསྟན་ཡོད།

 བདེ་ཆེན་ཁུལ་བདེ་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཉི་མས་གླིང་སྒྲུང་རིག་གནས་ལ་ཞིབ་འཇུག་བྱེད་སྐབས་དམངས་ཁྲོད་ཀྱི་དྲན་ཤེས་ཀྱི་གལ་ཆེའི་རང་བཞིན་ལ་དོ་སྣང་བྱེད་དགོས་པ་ལས། མང་ཚོགས་དང་འབྲེལ་འདྲིས་མི་བྱེད་པའི་ཞིབ་འཇུག་བྱེད་སྟངས་དང་བྱེད་ཐབས་འགའ་ཞིག་དམངས་ཀྱི་མགོར་བཙན་འགེལ་དང་རླབས་ཆེན་གྱི་དམངས་ཁྲོད་ལོ་རྒྱུས་སྙན་ངག་དེའི་ཐོག་བཙན་འགེལ་བྱེད་མི་རུང་ཞེས་བཤད་པ་རེད།

   བདེ་ཆེན་ཁུལ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་མཐོ་རིམ་རྩོམ་སྒྲིག་པ་བཀྲ་ཤིས་དོན་གྲུབ་ཀྱིས་སླད་ཕྱིན་གེ་སར་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིག་ཐོག་གི་ཞིབ་འཇུག་ཙམ་མ་ཡིན་པར་ཤེས་སྤྱོད་གཅིག་གྱུར་ཡོང་བ་བྱས་ནས་ཁུལ་དང་རྫོང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་རྗེས་ཤུལ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད། ཚན་རིག་གི་ཤེས་བྱ་དང་དེང་རབས་ཀྱི་ལག་རྩལ་ལ་བརྟེན་ནས་ཕྱོགས་མང་པོ་ནས་ཐབས་ལམ་མང་པོར་བརྟེན་ཏེ་རིག་གཞུང་ཚན་ཁག་མང་པོར་ཞིབ་འཇུག་གཏིང་ཟབ་བྱ་དགོས། གེ་སར་ཞིབ་འཇུག་བྱེད་སྐབས་བློ་རྒྱ་ཆེན་པོ་དང་བརྩེ་བ་ཆེན་པོས་འབྱུང་ཁུངས་དང་འབྱུང་ཁུངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གླིང་སྒྲུང་གི་རིག་གནས་ཁྱབ་ཁོངས་ཆེན་པོ་བཏོད་ནས་གླིང་སྒྲུང་གི་རིག་གནས་ལ་འོད་སྟོང་གསར་པ་ཐོབ་ཐུབ་པ་བྱེད་དགོས།

  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་པ་དགེ་རྒན་ཆེན་མོ་བ་མུའུ་ཧྲི་ཧྭས་གེ་སར་ནི་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་གེ་སར་རིག་གནས་ཀྱི་ངོ་མཚར་གཏམ་རྒྱུད་ཡོད་ཚེ་མིའི་རིགས་ཀྱི་རིག་གནས་དྲན་འཆར་གྱི་དྲན་གསོའི་རྡོ་རིང་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

ཚོགས་འདུའི་མཇུག་ཏུ་ཁམས་པའི་བརྙན་འཕྲིན་གྱི་འགོ་འཛིན་པ་དང་གངས་རི་རྩྭ་ཐང་གི་ལེ་ཚན་བཟོ་བདག་ཤེས་རབ་རྣམ་རྒྱལ་གྱིས་ད་ཐེངས་ཀྱི་འཕྲིན་སྤེལ་བྱེད་སྒོའི་གནས་ཚུལ་སྙན་ཞུ་བྱས་པ་དང་སྨྱན་སྦྱོར་གསར་པ་དང་སྲོལ་རྒྱུན་སྨྱན་སྦྱོར་སོགས་ལ་བརྟེན་ནས་ཁྱོན་ཡོངས་ནས་འཕྲིན་སྤེལ་བྱས་པ་མ་ཟད། འབྲེལ་ཡོད་གྲངས་གཞི་སྙན་སེང་ཞུས་པ་དང་ཆབས་ཅིག་ཏུ་གེ་སར་རིག་གནས་དྲིལ་བསྒྲགས་ཐད་གྲོས་འགོ་བཏོན་པ་རེད། ལོ་རྒྱུས་སྙན་ངག་གི་འགག་རྩའི་གནས་དང་དེ་བཞིན་ལོ་རྒྱུས་གནའ་ཤུལ་གྱི་རྗེས་ཤུལ་གལ་ཆེན་བདམས་ནས་རྗེས་འདེད་གནས་ཚུལ་སྤེལ་གཏོང་བྱས།

ད་ཐེངས་ཀྱི་གེ་སར་གྱི་རྗེས་ཤུལ་བཙལ་བའི་ཡུལ་སྐོར་ཕྱོགས་བསྡོམས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་སྲིད་གཞུང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལག་བསྟར་གཏིང་ཟབ་བྱས། ལྷག་པར་དུ་གླིང་སྒྲུང་རིག་གནས་ལ་མཐོང་ཆེན་བྱེད་དགོས།ད་ཐེངས་ཁམས་ཁུལ་དུ་ཟབ་འཇུག་བྱས་ནས་གླིང་སྒྲུང་འཚོལ་ཞིབ་བྱེད་པའི་བྱས་རྗེས་ནི་དགེ་ལེན་སྐྱོན་སེལ་དང་།“སློབ་སྦྱོང་བྱས་ནས་ཆོས་ལེན་པ”དང་།“མིང་གྲགས་ལྡན་པའི་འགྲུལ་བཞུད”“མཉམ་ལས་བྱས་ནས་གཉིས་ཁེ་ཡོང་བའི་འགྲུལ་བཞུད”བཅས་ཡིན་པས།ཕན་ཚུན་གདོང་གཏུག་དང་ཐུན་མོང་ཐོག་ཡར་ཐོན་བྱུང་སྟེ།ཀྲུང་ཧྭ་མི་རིགས་ཀྱི་མེ་ཏོག་ལྡུམ་རའི་ནང་གི་གླིང་སྒྲུང་གི་མེ་ཏོག་དེ་སྔར་བས་འོད་སྟོང་འབར་བ་ཞིག་བཞད་དུ་འཇུག་རྒྱུ་དེ་རེད། 

  གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག   

  • 顶 0