འཛམ་གླིང་གེ་སར་རྒྱལ་པོའི་རྗེས་ཤུལ་དེད་ནས་མགོ་ལོག་ཁུལ་ན་སླེབས།

2019-08-08
0

གླིང་གི་ཕ་ས།

ཕོ་བྲང་སེང་འབྲུག་སྟག་རྩེ།

མ་འགག་བཟའ་ལ་ཇོ་རུ་སྐུ་འཁྲུངས་པའི་གཏམ་རྒྱུད།

ཚེས་བདུན་ཉིན། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་མཚོ་སྐྱེས་རྡོ་རྗེ་དང་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་རྫོང་དཔོན་གཞོན་པ་ཕིན་ཚང་ཧོར་བཅས་མཉམ་དུ་ཀྲུང་གོའི་གེ་སར་རིག་གནས་བཤམས་མཛོད་ཁང་དུ་བལྟ་སྐོར་སོང་། བཤམས་མཛོད་ཁང་དུ་གླིང་རྗེ་གེ་སར་རྒྱལ་པོས་དབུ་བྱས་དཔའ་ཐུལ་རྣམས་ཀྱི་སྐུ་བརྙན་མཛེས་བརྗིད་གསོན་ཉམས་ལྡན་པས་བལྟས་ན་མིག་དབང་འཕྲོག་ཅིང་གཞིགས་ན་མཛད་རྣམ་ལ་དད་པའི་སྤུ་ལོང་རྒྱས་ཤིང་གདའ། ཐང་གའི་འགྲེམ་སྟོན་ཁང་དུ་སློབ་དཔོན་པདྨ་འབྱུང་གནས། གླིང་རྗེ་གེ་སར་རྒྱལ་པོ། སྤྱི་དཔོན་རོང་ཚ་ཁྲ་རྒན། རྒྱ་ཚ་ཞལ་དཀར། ཚ་ཞང་འདན་མ་བྱང་ཁྲ་སོགས་གླིང་གི་དཔའ་ཐུལ་སུམ་ཅུ་སོགས་ཡུལ་འཁོར་དང་བཅས་པ་བཟོ་བོའི་སྒྱུ་རྩལ་ཁྱད་གསལ་གྱི་ཐང་ག་དག་མཇལ་བས་སྐབས་དེ་དུས་ཀྱི་ཁོར་ཡུག་ལ་དར་ཅིག་སོན་པ་ལྟར་དུ་གྱུར། བྱེ་གཞོང་འགྲེམ་སྟོན་ཁང་ལས་མགོ་ལོག་དཀྱིལ་སྙིང་ཡིན་པའི་གེ་སར་རིག་གནས་དར་ཁྱབ་ས་ཁུལ་གཟུགས་བརྙན་ཐད་མཐོང་གིས་མངོན་ཡོད་ཅིང་། ཨ་མྱེས་རྨ་ཆེན་དང་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་གཉན་པོ་གཡུ་རྩེ། རྨ་ཆུ་སོགས་སྒྲུང་ཡིག་ཏུ་བཀོད་པའི་བླ་རི་ལྷ་ཆུ་གཙོར་བཟུང་སྟེ་མངོན་པ་བྱས་ནས་དེ་གླིང་རྗེ་གེ་སར་སྒྲུང་གི་འབྲེལ་ཡོད་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་མི་སྣའི་མཚམས་སྦྱོར་རྒྱུས་ལོན་དང་སློབ་སྦྱོང་བྱེད་ཐུབ།

གླིང་རྗེ་གེ་སར་གྱི་སྒྲུང་ཡིག

གླིང་རྗེའི་སྒྲུང་ཡིག་ཀློག

དགུ་སྟོད་གེ་སར་འཁྲབ་སྟོན།

གེ་སར་འཁྲབ་སྟོན་དང་མཉམ་དུ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྨན་སྨན་རྩིང་ཁང་།

དེ་རྗེས་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་གླིང་རྗེ་གེ་སར་གྱི་སྒྲུང་ཡིག་གསར་རྙིང་ཚར་དུ་དངར་བ་ལེགས་པར་བཤམས་ཤིང་འདི་དག་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་གཞན་ན་མེད་པའི་གཟི་བརྗིད་རེད་ཡ། མགོ་ལོག་དགུ་སྟོད་དགོན་པའི་དགུ་སྟོད་གེ་སར་རིག་གནས་ལྟེ་བ་ནས་འཁྲབ་སྟོན་གནང་བའི་གེ་སར་ཟློས་གར་ལས་རྟ་རྒྱུག་ནོར་བུ་ཆ་བདུན་གྱི་ཆ་ཤས་ཟློས་གར་འཁྲབ་བྱུང་།

གླིང་རྗེ་རྗེས་ཤུལ་གྱི་བགྲོ་གླིང་ཐོག

ཕྱི་དྲོར་ངེད་ཁམས་ཡུལ་འགྲུལ་སྐྱོད་རུ་ཁག་གཉིས་དེ་མགོ་ལོག་ཁུལ་དུ་མཉམ་འཛོམས་བྱུང་ནས་ཁམས་ཡུལ་འགྲུལ་སྐྱོད་གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བགྲོ་གླེང་གྲོས་ཚོགས་འཚོགས། ཐོག་མར་ཁམས་པའི་རིག་གནས་ཞིབ་འཇུག་གླིང་གི་གཙོ་སྐྱོང་འགྱུར་མེད་ཆོས་དབྱིངས་ཀྱིས་ཐེངས་འདིའི་ཁམས་ཡུལ་འགྲུལ་སྐྱོད་གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོ་ངོ་སྤྲོད་བྱས། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚོ་སྐྱེས་རྡོ་རྗེ་དང་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། སྙན་ངག་བ་འཇུ་སྐལ་བཟང་དང་སྐར་མ་བསོད་ནམས་རྣམས་ནས་ཐེངས་འདིའི་གླིང་རྗེ་གེ་སར་རྒྱལ་པོ་ཞབས་རྗེས་འདྲི་འཚོལ་གྱི་བྱེད་སྒོར་བསམ་ཚུལ་དང་རེ་བ་སོགས་བརྗེ་རེས་གནངས། གྲོས་ཚོགས་ཐོག་ཏུ་མགོ་ལོག་ཁུལ་ནས་གངས་པ་ཚེ་རིང་། དབང་ཆེན་ལྷ་མོ། སྒུ་རུ་བཀྲ་ཤིས་དོན་འགྲུབ།   ཅིན་ཧོར་སོགས་གྲོས་ཚོགས་ཐོག་ཏུ་ཕེབས་བྱུང་།དབྱར་གཞུང་དུས་བཟང་གི་མགོ་ལོག་ཁུལ་ནས་ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་བདེ་བླག་ངང་མཇུག་རྫོགས།

གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག

  • 顶 0