བོད་ཁུལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲི་བ་དྲིས་ལན་རབ་བྱེད་དང་པོ་སྤེལ་བཞིན་འདུག

2019-06-06
0

སྤྱི་དམངས་ཀྱི་ཚན་རིག་ཤེས་བྱའི་བྱང་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཚན་རིག་ཁྱབ་གདལ་གྱི་ལས་ཀའི་རྩ་བ་ཡིན་ལ། ཚན་རྩལ་རིག་ཁྱབ་གདལ་སྐོར་གྱི་འཕྲིན་སྦྱོར་ཁག་གིས་ཚན་རིག་བྱང་ཚད་དྲི་བ་དྲིས་ལན་བཏོན་པར། དེའི་རྣམ་པ་སྟབས་བདེ་ལ་གོ་ཆོད་པ།  ནང་དོན་སྣ་མང་ཕུན་སུམ་ཚོགས་པ།   རྩེད་མོའི་རང་བཞིན་ལྡན་པ་བཅས་ཀྱིས་མི་མང་པོ་ཞིག་བྱེད་སྒོའི་ནང་ཞུགས་པར་ཡིད་སེམས་བཀུག་ཡོད།

བོད་ཁུལ་སྤྱི་དམངས་ཀྱི་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ལས་ཀ་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་དང་། བོད་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཕན་བཏགས་པ།   བོད་ཁུལ་མང་ཚོགས་ཀྱིས་ཚན་རིག་ཤེས་བྱར་དགའ་བ་སྐྱེད་པ་དང་། དམངས་ཡོངས་ཚན་རྩལ་ཁྱབ་སྤེལ་གྱི་བྱེད་སྒོ་རུ་ཟབ་ཞུགས་བྱེད་ཆེད། སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཁམས་པའི་བརྙན་འཕྲིན་ཁང་གིས་མཉམ་དུ་གཉེར་བའི་བོད་ཁུལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲི་བ་དྲིས་ལན་ཞེས་པའི་བྱེད་སྒོའི་རབ་བྱེད་དང་པོ་དངོས་སུ་དྲ་ཐོག་ཏུ་ཐོན་ཡོད།

ཐེངས་འདིའི་བྱེད་སྒོས་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ། ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ་བཅས་བརྗོད་བྱ་གཙོ་བོར་བཟུང་ནས།  ཟླ་6པ་ནས་ཟླ་12པའི་བར་དུ་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། བྱེད་སྒོ་སྤེལ་བའི་སྐབས་སུ། ང་ཚོས་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྦྱོར་གསར་པའི་སྟེགས་བུ་དག་བརྒྱུད་ནས་བོད་ཁུལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲ་ཐོག་དྲི་བ་དྲིས་ལན་རབ་བྱེད་དང་པོའི་འགྲན་སྡུར་ཞིག་སྤེལ་རྒྱུ་ཡིན།   གཟའ་འཁོར་རེ་རེའི་གཟའ་ཕུར་བུའི་ཉིན་ལ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཚན་རིག་སྐོར་གྱི་དྲི་བ་དྲིས་ལན་འགྲེམ་རྒྱུ་རེད།  བྱེད་སྒོ་རུ་ཞུགས་མཁན་དག་གིས་དྲིས་ལན་བཏབ་རྗེས་ཡང་དག་པའི་ཚད་དང་དྲིས་ལན་བཏབ་པར་བཀོལ་བའི་དུས་ཚོད་གཉིས་གཞིར་བཟུང་ནས་བྱ་དགའ་ལ་ཁུག་དམར་ལེན་པ་དང་སྐར་མ་ཐོབ་པ་གཉིས་ཡོད།   དུས་མཉམ་དུ་ཁམས་པའི་བརྙན་འཕྲིན་ཁང་གི་ཚན་རྩལ་ཁྱབ་སྤེལ་གྱི་ཆེད་སྒྲིག་ལེ་ཚན་《ཚན་རིག་ཡོན་ཏན་》ནས་ཐེངས་སོ་སོའི་དྲི་བ་དྲིས་ལན་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་རྒྱུ་ཡིན་པ་མ་ཟད། ཐེངས་རྗེས་མའི་དྲི་བ་དྲིས་ལན་གྱི་སྔོན་བརྡ་གཏོང་རྒྱུ་རེད།

མིག་སྔར། ཐེངས་དང་པོའི་ཚན་རིག་བྱང་ཚད་ཀྱི་དྲ་ཐོག་དྲི་བ་དྲིས་ལན་ཚ་ཚ་འུར་འུར་སྒོས་སྤེལ་བཞིན་ཡོད་ལ། དཀར་མཛེས་ཁུལ་ལས་རིགས་ཆེད་ལས་ལག་རྩལ་སློབ་གྲྭ་དང་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་གྲོགས་རྣམ་པ་བྱེད་སྒོའི་ནང་ཞུགས་ཅི་ཐུབ་བྱེད་པ་མ་ཟད། སློབ་ར་ནས་ཐེངས་འདིའི་བྱེད་སྒོ་ཁྱབ་སྤེལ་ལ་རོགས་བྱེད་པ་དང་། རང་གི་སློབ་གྲོགས་རྣམས་བྱ་དགའ་བརྩོན་པའི་བྱེད་སྒོའི་ནང་ཞུགས་པར་སྐུལ་མའང་གཏོང་བཞིན་ཡོད།

གོང་གི་ནང་དོན་ལ་གཟིགས་རྗེས། བོད་ཁུལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲི་བ་དྲིས་ལན་རབ་བྱེད་དང་པོའི་དྲ་ཐོག་འདེམ་སྒྲུག་ལ་ཇི་ལྟར་ཞུགས་དགོས་ཤེས་འདོད་ན།  རྩོམ་སྒྲིག་པས་ཁྱེད་ཅག་ལ་འགྲན་ཞུགས་ཐབས་ལམ་དང་བྱ་དགའ་སྟེར་ལུགས་སོགས་གྲ་སྒྲིག་བྱས་ཡོད་པ་གཤམ་གསལ་ལྟར།

བྱེད་སྒོའི་སྒྲིག་སྲོལ།

བྱེད་སྒོའི་དུས་ཚོད། 2019ལོའི་ཟླ་6པ་ནས་ཟླ་12པའི་བར། གཟའ་རེའི་གཟའ་ཕུར་བུའི་ཉིན་དྲི་བ་གསར་སྤེལ་བྱེད་བཞིན་ཡོད།

བྱེད་སྒོར་ཞུགས་ཐབས། (1)ཤམ་པ་ལ་ཆ་འཕྲིན་མགྲོན་སྣེ་ཕབ་ལེན་བྱས་རྗེས། སྤེལ་རེས་འོག་གི་བྱེད་སྒོ་ནས། བོད་ཁུལ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲི་བ་དྲིས་ལན་ལ་ཞུགས་ཆོག(2)ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས་ལ་ཞུགས་རྗེས།  མདུན་ངོས་ཀྱི་ཚན་རྩལ་ཁྱབ་སྤེལ་ནས་དྲི་བ་དྲིས་ལན་གྱི་བྱེད་སྒོ་ལ་ཞུགས་ཆོག

བྱ་དགའི་ཆ་རྐྱེན། ཡང་དག་པ་ཅི་ཙམ་མང་ན་ཨང་རིམ་དེ་ཙམ་མཐོ་ལ། ལན་འདེབ་དུས་ཚོད་ཅི་ཙམ་མགྱོགས་ན་ཨང་རིམ་དེ་ཙམ་མཐོ།

སྐར་བསགས། བྱེད་སྒོའི་ཨང་དང་པོ་ལ་སྐར་3ཐོབ་པ་དང་། ཨང་གཉིས་པ་ནས་ཨང་ལྔ་པའི་བར་སྐར་2། གཞན་པའི་ཞུགས་མཁན་དག་ལ་སྐར་1ཐོབ།

བྱ་དགའ། ཁ་པར་གྱི་སྐད་རིན་ཁྱོན་བསྡོམས་སྒོར་300ཡོད་ལ། ཨང་དང་པོར་སྒོར་100དང་ཨང་གཉིས་པ་ནས་ཨང་ལྔ་པའི་བར་དུ་མི་རེ་ལ་སྒོར་50ཡོད།

སློབ་སྦྱོང་ལ་སྤྲོ་བ་སྐྱེད་ཅིང་།  དམངས་ཡོངས་ཀྱིས་ཚན་རིག་ཁྱབ་བརྡལ་གཏོང་དགོས།  གྲོགས་པོ་རྣམ་པ།   ཐེངས་འདིའི་དྲི་བ་དྲིས་ལན་གྱི་འགྲན་སྡུར་ནང་སྐུ་ཉིད་ཞུགས་པར་ང་ཚོས་དགའ་བསུ་བྱེད་ཅིང་།  ད་དུང་ཚན་རིག་ཤེས་བྱ་སློབ་སྦྱོང་དང་ཁྱབ་བརྡལ་གཏོང་བའི་ཞོར་དུ།  སྐུ་ཉིད་ལ་བྱ་དགའ་ཐོབ་པའི་གོ་སྐབས་ཀྱང་ལྡན་པ་རེད།

  • 顶 0