ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱི་ཡུལ་སྐོར་མེ་འཁོརY961/2གཏོང་འགོ་ཚུགས་པ།

2019-06-05
0


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ཚོགས་པ་ཀུང་སིས་མཚོ་སྔོན་ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱིY961/2ཡུལ་སྐོར་མེ་འཁོར་ཟླ6པའི་ཚེས1ཉིན་ནས་བཟུང་གཏོང་འགོ་ཚུགས་པ་རེད།

ཚྭ་ཁ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་གྱི་ཉེ་འགྲམ་དུ་གནས་པ་དང་། ཚྭ་མཚོའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ105དང་མཚོ་ངོས་ལས་མཐོ་ཚད་སྨི3100ཡོད་ཅིང་། དེའི་ཡུལ་སྐོར་ཐོན་ཁུངས་དེ་པོ་ལི་ཝེ་ཡའི་ཝུའུ་ཡིའུ་ཉི་ཚྭ་འདམ་དང་འདྲ་བར་མཛེས་སྡུག་ལྡན་པས། ཀྲུང་གོའི“མཁའ་དབྱིངས་ཀྱི་མེ་ལོང”གི་མཚན་སྙན་ཐོབ་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་དྲ་རྒྱའི་ཐོག་སྐད་གྲགས་ཆེ་བའི་མཚོ་སྔོན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། 

ཡུལ་སྐོར་བས་ཚྭ་ཁ་མཚོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པར་སྟབས་བདེ་བཟོ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཟླ6པའི་ཚེས1ཉིན་ནས་ཟླ8པའི་ཚེས25ཉིན་བར་ཟི་ལིང་ནས་ཚྭ་ཁ་མཚོའི་བར་གྱི་ཡུལ་སྐོར་མེ་འཁོརY961/2གཏོང་རྒྱུ་རེད། ཡུལ་སྐོར་མེ་འཁོར་དེ་ཉིན་རེར་ཆུ་ཚོད8དང་སྐར་མ25ཐོག་ཟི་ལིང་མེ་འཁོར་ས་ཚུགས་ནས་བཏང་སྟེ་ཆུ་ཚོད12དང་སྐར་མ23ཐོག་ཚྭ་ཁ་མཚོའི་བབས་ཚུགས་སུ་འབྱོར་བ་དང་། ཉིན་དེའི་ཆུ་ཚོད16དང་སྐར་མ30ཡི་ཐོག་ཚྭ་ཁ་མཚོའི་ས་ཚིགས་ནས་ཐོན་ཏེ་ཆུ་ཚོད20དང་སྐར་མ43ཐོག་ཟི་ལིང་མེ་འཁོར་ས་ཚུགས་སུ་ཕྱིར་ལོག་པ་རེད། 

ཉེ་བའི་ལོ་ཤས་རིང་། མཚོ་བོད་ཚོགས་པ་ཀུང་སིས་མཚོ་སྔོན་དང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་དགོས་མཁོ་ལྟར“ལྕགས་ལམ+མཛེས་ལྗོངས་ཁུལ"གྱི་མེ་འཁོར་ཤར་གཏོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཟི་ལིང་ནས་གཏེར་ལེན་ཁ་བར་དང་། ཟི་ལིང་ནས་བོད་ལྗོངས་གཞིས་ཀ་རྩེ་བར། ཟི་ལིང་ནས་ནུབ་མཚོ་གྲོང་རྡལ་ཀྲུང་གོའི་རྡུལ་ཕྲན་གྲོང་རྡལ་བར་སོགས་ཡུལ་སྐོར་མེ་འཁོར་ཁག་ཐེངས་མང་པོ་གཅིག་རྗེས་གཉིས་མཐུད་ངང་བཏང་ཡོད། 2018ལོ་ཁོ་ནར་ཟི་ལིང་ནས་ཚྭ་ཁ་མཚོ་བར་གྱི་ཡུལ་སྐོར་མེ་འཁོར་ཁག་ཐེངས182བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི14སྐྱེལ་འདྲེན་བྱས་པ་དེས་མཚོ་བོད་ས་མཐོའི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། །


  • 顶 0