མེ་ཏོག་སྤང་ལ་བཞད་ཅེས་པའི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས།

2018-12-21

མེ་ཏོག་སྤང་ལ་བཞད། 

སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས།

  སྤྱི་ཟླ་12པའི་ཚེས་20ཉིན་གྱི་དགོང་མོར། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་མཛད་པའི་“མེ་ཏོག་སྤང་ལ་བཞད་”ཅེས་པའི་2019ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་ཁྲིན་འདུ་ནས་བརྙན་ཕབ་ལེགས་འགྲུབ་བྱུང་།

གངས་ཆུ་ས་ལ་ཐིམ། མེ་ཏོག་སྤང་ལ་བཞད།

    “མེ་ཏོག་སྤང་ལ་བཞད་”ཅེས་པའི་2019ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་ནི་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་བོད་ཁུལ་གྱི་ལོ་གསར་བསུ་བའི་གླུ་ཚོགས་ཐོག་མ་ཡིན། དུས་རབས་ཀྱི་དར་སྲོལ་གསར་མ་དང་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འོ་ཆུ་བཞིན་གཞི་གཅིག་ཏུ་འདྲེས་ཤིང་། བོད་གླུའི་གླུ་ཚོགས་ཀྱི་ཕུལ་བྱུང་གླུ་བ་གླུ་མ་རྣམས་དང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པའི་གླུ་གཞས་སྒྱུ་རྩལ་བ་དང་རོལ་མོ་བ་སོགས་མཉམ་དུ་འདུས་ཡོད།

  ལོ་གསར་བསུ་བའི་གླུ་ཚོགས་ཀྱིས་མེ་ཏོག་སྤང་ལ་བཞད་ཅེས་པ་བརྗོད་གཞིར་བཟུང་སྟེ། གླུ་ཚོགས་ཧྲིལ་བོ་ཚན་པ་བཞི་རུ་དགར་ཞིང་ཚན་པ་རེ་རེར་བོད་ཡུལ་མཐོ་སྒང་གི་དཔེ་མཚོན་ལྡན་པའི་མེ་ཏོག་རེ་རེ་མིང་དུ་བཏགས་ཡོད་ལ།གངས་ལྷ་མེ་ཏོག་དང་སྤང་རྒྱན་མེ་ཏོག སྐལ་བཟང་མེ་ཏོག་སོགས་ཀྱིས་མཚོན་པའི་ངོ་མཚར་ལྟད་མོ་རེ་རེ་དར་ལུང་རྣ་བའི་གསོས་དང་ཁྲ་ཆུང་མིག་རྒྱན་དུ་གྱུར་ཡོད།

དུས་རབས་ཀྱི་སྐད་སྙན། ལང་ཚོ་ཡི་གཟི་མདངས།

  འདི་ནི་མཛེས་ཉམས་སྟོང་གིས་ཕྱུག་པའི་བོད་པའི་རོལ་དབྱངས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཡིན་ལ།འདི་ནི་དྲ་ལམ་ན་སྐད་གྲགས་རྒྱས་པའི་ཞབས་བྲོ་མཁན་དང་སྲོལ་རྒྱུན་གྱི་དམངས་སྲོལ་གཅིག་ཏུ་འདྲེས་པའི་ངོ་མཚར་ལྟད་མོ་ཞིག་ཡིན།

   2018ལོའི་སྤྱི་ཟླ་12པའི་ཚེས་31ཉིན་གྱི་དགོང་མོར།ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་གྱི་འཕྲིན་ལམ་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གཏོང་རྒྱུ་ཡིན།དྲ་ཐོག་ནས་བལྟ་འདོད་མཁན་རྣམས་ཀྱིས་ཁམས་པའི་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་དྲ་ཚིགས་དང་།ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ནས་གསན་གཟིགས་གནང་ཆོག

སྤྱི་ཟླ་12པའི་ཚེས་31ཉིན།  ང་ཚོ་མཉམ་དུ་མཇལ་ཡོང་།

གླིང་ལྔ་མཚོ་བཞིའི་དུས་གསུམ་གྱི་རང་སྒྲ་གངས་རིའི་ཞིང་ལ་འདྲེན།། འཛམ་གླིང་ཡང་རྩེའི་མདོ་ཁམས་ཀྱི་རང་སྒྲ་གནམ་སའི་ཁྱོན་ལ་སྒྲོག།

<