བསྟན་འཛིན་ཉི་མས་ཀྲུང་གོའི་གླུ་སྐད་སྙན་མོའི་ཁྲོད་ཨང་དང་པོ་བླངས།

2018-10-08

 

 སྤྱི་ཟླ༡༠པའི་ཚེས༧ཉིན་ཏེ། སྟོན་ཟླའི་འབྲས་བུ་ཡོངས་སུ་སྨིན་ནས་འཇིག་རྟེན་ཀུན་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བའི་དུས་འདིར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་ཕེབས་པའི་བསྟན་འཛིན་ཉི་མ་ཡིས། ༢༠༡༨ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་འགྲན་ཡ་ཀུན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་ནས། གངས་ཅན་ཁ་བའི་ལྗོངས་ཀྱི་བོད་རིགས་སྤུན་ཟླ་དག་ལ་ལེགས་སྐྱེས་བླ་ན་མེད་པ་ཕུལ་སོང་།

  

 

  མདང་དགོང་ཀྲུང་གོའི་ཆེས་མཆོག་ཏུ་གྱུར་བའི་རྒྱལ་ཁབ་ལུས་རྩལ་ཁང་ངམ་བྱ་ཚང་དུ་འབོད་པ་ནས་ཆེས་མཇུག་མཐའི་འགྲན་ཞུགས་པ་ལྔ་ཡིས། རང་རང་གི་རྩལ་དང་ནུས་པ་ལྷག་མེད་དུ་བཏོན་ནས་ཀྲུང་གོའི་རོལ་དབྱངས་ཀྱི་འཇིག་རྟེན་ལ་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་སོང་ལ། དེ་ལས་འགྲན་ཞུགས་པ་བསྟན་འཛིན་ཉི་མ་དང་འབྲུག་བྱམས་ཚེ་རིང་གཉིས་ཀྱིས་ཀྲུང་གོའི་མི་རིགས་གཞན་དག་གི་རོལ་དབྱངས་དང་རང་མི་རིགས་ཀྱི་རོལ་དབྱངས། ད་དུང་རོལ་ཆས་རྣམས་མཉམ་གཅིག་ཏུ་སྡེབ་ནས་བོད་པའི་གཞོན་ནུ་རྣམས་ཀྱི་རྒྱུད་ན་མངའ་བའི་མི་རིགས་ཀྱི་རོལ་དབྱངས་དང་། དེའི་ཁྱད་ཆོས་མངོན་པར་བསྟན་སོང་བས་རྒྱ་ཆེ་བའི་ལྟད་མོ་དག་གི་ཡིད་དབང་རབ་ཏུ་འཕྲོག་སོང་།

  འགྲན་རིམ་གསུམ་མཇུག་རྫོགས་རྗེས་བསྟན་འཛིན་ཉི་མར་ཡུལ་དངོས་ལྟད་མོ་བ་དང་དཔྱད་འདེམས་པ་དག་གི་དགའ་བསུ་ཆེན་པོ་ཐོབ་སྟེ་ཨང་དང་པོའི་བྱ་དགའ་ཐོབ།  འདི་ཡང་ན་ནིང་གི་བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྲུང་གོའི་གླུ་སྐད་སྙན་མོའི་ཁྲོད་ཨང་དང་པོ་བླངས་རྗེས་བསྟུད་མར་ལོ་གཉིས་ལ་བོད་ཀྱི་གླུ་པ་འགྲན་རྒྱལ་བྱུང་བ་ཡིན།

<