བོད་ལྗོངས་ཉིང་ཁྲིར་ས་ཡོམ་རིམ་པ་ལྔ་བྱུང་ཡོད་རུང་མི་སྣ་ཤི་རྨས་བྱུང་མེད་པ།

2017-12-22
༄༅།།བོད་ལྗོངས་ཉིང་ཁྲིར་ས་ཡོམ་རིམ་པ་5བྱུང་ཡོད་རུང་མི་སྣ་ཤི་རྨས་བྱུང་མེད་པ། 

   ཟླ་12ཚེས་20ཉིན་གྱི་ཆུ་ཚོད་1དང་སྐར་མ་40ཙམ་དང་། ཆུ་ཚོད་4དང་སྐར་མ་8ཙམ་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས(བྱང་གི་འཕྲེད་ཐིག་ཏུའུ་29.9དང་ཤར་གྱི་གཞུང་ཐིག་ཏུའུ་95.1)སུ་ས་ཡོམ་ཐེངས་གཉིས་བྱུང་ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཡོམ་ཚོར་བྱུང་བ་རེད། ཆུ་ཚོད་11གི་བར་དུ། ས་གནས་དེ་ག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གནོད་སྐྱོན་བྱུང་བའི་སྙན་ཞུ་འབྱོར་མེད་ཅིང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུན་ལྡན་ཡིན་པ་རེད།

 

  གསར་འགོད་པས་བོད་རང་སྐྱོང་ལྗོངས་ས་ཡོམ་རྟོག་དཔྱོད་ཅུས་དང་ཉིང་ཁྲི་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཚེས་20ཉིན་གྱི་ཆུ་ཚོད་1དང་སྐར་མ་40ཙམ་ལ་བྲག་ཡིབ་ཆུས་སུ་ས་ཡོམ་རིམ་པ་5.0བྱུང་ཡོད་པ་དང་། ཡོམ་གནས་ཀྱི་ཟབ་ཚད་ལ་སྤྱི་ལེ་6ཟིན་ཞིང་། དེ་ནས་ཆུ་ཚོད་4དང་སྐར་མ་8ཙམ་ལ་བྲག་ཡིབ་ཆུས་སུ་ས་ཡོམ་རིམ་པ་3.2བྱུང་ཡོད་པ་དང་། ཡོམ་གནས་ཀྱི་ཟབ་ཚད་སྤྱི་ལེ་6ཟིན་པ་རེད། མིག་སྔར་ས་གནས་དེ་གས་རྩད་ཞིབ་དང་བསྡོམས་རྩིས་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད།

  ཚེས་20ཉིན་བོད་རང་སྐྱོང་ལྗོངས་ས་ཡོམ་རྟོག་དཔྱོད་ཅུས་ཀྱི་འགོ་འཛིན་བསོད་རིན་གྱིས"ས་ཡོམ་ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལས། དེ་རིང་བྱུང་བའི་ས་ཡོམ་རིམ་པ་5ནི་ཟླ་11ཚེས་18ཉིན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་བྱུང་བའི་ས་ཡོམ་རིམ་པ་6.9གྱི་ཡོམ་འཕྲོ་ཡིན་པ་དང་། ཡོམ་གནས་ནི་རི་མཐོ་གྲོག་རོང་ས་རྒྱུད་དུ་ཡིན་པས། དེར་གཞིས་སྡོད་མི་གྲངས་བལྟོས་བཅས་ཀྱིས་ཉུང་བ་ཡིན་ཞིང་། མིག་སྔའི་བར་དུ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གནོད་སྐྱོན་ཕོག་པའི་སྙན་ཞུ་འབྱོར་མེད"ཅེས་བཤད་པ་རེད།

<