དཀར་མཛེས་དང་གཡག་རྔ་ས་ཁུལ་གྱི་གློག་ཤུགས་བརྒྱ་ཆའི་བརྒྱད་ཅུ་ཙམ་སླར་གསོ་ཐུབ་ཡོད།

2022-09-08
689

  རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་ཆ་འཕྲིན་ལྟར་ན། ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་བའི་རྐྱེན་གྱིས། དཀར་མཛེས་དང་གཡག་རྔ་ས་ཁུལ་ཁ་ཤས་ཀྱི་གློག་སྐུད་དང་གློག་བསྒྱུར་ས་ཚུགས་ལ་གནོད་པ་ཐེབས་པས་གནས་སྐབས་སུ་འཁོར་སྐྱོད་བྱེད་མཚམས་བཞག  ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་བར་དུ། སྟོང་ཧྥུའུ་བརྒྱ་དང་བཅུ་ཅན་གྱི་གློག་བསྒྱུར་ས་ཚུགས་བཞི་དང་། དེའི་ནང་ཚའོ་ཁོ་གློག་བསྒྱུར་ས་ཚུགས་ཀྱི་གློག་ཁ་ཤས་སླར་གསོ་བྱུང་ཡོད། སྟོང་ཧྥུའུ་སོ་ལྔ་ཅན་གྱི་གློག་བསྒྱུར་ས་ཚུགས་གསུམ། སྟོང་ཧྥུའུ་ལྔ་བརྒྱ་ཅན་གྱི་གློག་ལམ་གཅིག་དང་།  སྟོང་ཧྥུའུ་བརྒྱ་དང་བཅུ་ཅན་གྱི་གློག་ལམ་བཞི། སྟོང་ཧྥུའུ་སོ་ལྔ་ཅན་གྱི་གློག་ལམ་བདུན། སྟོང་ཧྥུའུ་བཅུ་ཅན་གྱི་གློག་ལམ་ཞེ་གཉིས་བཅས་སླར་གསོ་ཐུབ་ཡོད་པས། དུད་ཚང་གསུམ་ཁྲི་བཞི་སྟོང་ཆིག་བརྒྱ་གྱ་བཞིར་གློག་འདོན་ཐུབ་ཡོད།   རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་སྤྱི་གཉེར་ཁང་གིས་བསྡོམས་པས་ས་འགུལ་གནོད་ཁུལ་དུ་བབ་བསྟུན་མྱུར་སྐྱོབ་མི་སྣ་ཉིས་སྟོང་བཞི་བརྒྱ་ང་དྲུག་མངགས་པ་དང་། རླངས་འཁོར་བདུན་བརྒྱ་གོ་བཞི་དང་གློག་འདོན་འཕྲུལ་འཁོར་ཉིས་བརྒྱ་རེ་ལྔ། གློག་འདོན་རླངས་འཁོར་བཅུ་གསུམ། གློག་གསོག་བབ་བསྟུན་འཕྲུལ་འཁོར་དྲུག  བབ་བསྟུན་འོད་གསལ་སྒྲིག་ཆས་བརྒྱ་དང་ཞེ་གཉིས། འཁོར་སྐར་འཕྲིན་གཏོང་སྒྲིག་ཆས་ང་དགུ། བབ་བསྟུན་སྦྲ་གུར་སུམ་བརྒྱ་སོ་དྲུག མི་མེད་གནམ་གྲུ་བརྒྱ་དང་སོ་བཞི། ཁ་ལོ་བ་ཡོད་པའི་ཐད་འཕུར་གནམ་གྲུ་གཅིག་བཅས་བཀོད་སྒྲིག་བྱས་ཡོད། 

  སྲིད་གཞུང་གིས་ཡུལ་དངོས་བཀོད་འདོམས་པུའུ་དང་གནོད་ཐེབས་མི་སེར་གྱི་བདེ་བཀོད་གནས་ཁ་ཤས་གཅིག་ཏུ་བསྡུས་པས། ད་ལྟར་དཀར་མཛེས་དང་གཡག་རྔ་ས་ཁུལ་གྱི་ཡུལ་དངོས་བཀོད་འདོམས་པུའུ་བརྒྱད་དང་བདེ་བཀོད་གནས་སོ་བརྒྱད་ལ་གློག་འདོན་ཐུབ་ཡོད། 


  • 顶 0