​ཞི་ཅིན་ཕིང་གིས་ཀྲུང་གོའི་མི་བཟང་ལི་ཕའེ་ཧྲེང་དང་ཧུའུ་ཞའོ་ཁྲུན་ལ་འཕྲིན་ལན་སྤྲིངས།

2022-08-15
441

  ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཧོང་ཧྲན་རི་བོའི་མཛེས་ཁུལ་གྱི་ལས་སྒྲུབ་པ་ལི་ཕའེ་ཧྲེང་དང་། ཧུའུ་ཞའོ་ཁྲུན་ལ་འཕྲིན་ལན་སྤྲིངས་ནས། ཁོ་ཚོས་མུ་མཐུད་དེ་ཀྲུང་གོའི་མི་བཟང་གི་མིག་དཔེའི་ནུས་པ་འདོན་པར་ལྷག་བསམ་རྣམ་དག་གི་ཐུགས་རེ་གནང་བ་རེད།

   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོས་ལོ་རྟག་པར་བྲག་རིའི་ཁོར་ཡུག་གཙང་སྦྲ་བྱས་ནས། ཉིན་ལྟར་ལོ་ངོ་སྟོང་གི་མགྲོན་བསུ་གསོམ་སྡོང་གཅེས་སྐྱོང་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་མཛེས་སྡུག་གི་ཧོང་ཧྲན་རི་བོ་སྲུང་སྐྱོང་བྱས་པས། ལས་བཀུར་བློས་གཏོང་གི་སྙིང་སྟོབས་ལེགས་པར་མཚོན་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་ཀྲུང་གོའི་མི་བཟང་གི་ཆེས་གཅེས་སུ་འོས་པའི་གཤིས་རྒྱུད་ནི་དཀྱུས་མའི་ལས་ཀ་ཁྲོད་དུ་ཐུན་མིན་གྱི་གྲུབ་འབྲས་བཞག་པ་དེ་རེད། ཁྱེད་ཚོས་མུ་མཐུད་དེ་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་དང་། བདེན་བཟང་མཛེས་གསུམ་དང་དགེ་མཚན་ལྡན་པའི་ནུས་པ་བརྒྱུད་སྒྲོག་བྱས་ཏེ། ཉེ་འགྲམ་གྱི་མི་སྔར་བས་མང་པོ་ཡ་རབས་དད་གུས་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་དམངས་ཡག་པོ་དང་ལས་ཁུངས་ཀྱི་ལས་བཟོ་བ་ཡག་པོ། ཁྱིམ་ཚང་གི་ཁྱིམ་མི་བཟང་པོ་བཅས་བརྩོན་ལེན་བྱེད་པར་སྐུལ་ཁྲིད་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་རང་གི་བྱས་རྗེས་འཇོག་དགོས་ཞེས་གསུངས་པ་རེད།

  ༢༠༠༨ལོ་ནས་བཟུང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་གཞུང་ལས་ཁང་གིས་དྲ་ཐོག་ཏུ་ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་བརྗོད་བྱེད་ཅེས་པའི་བྱེད་སྒོ་སྤེལ། ད་ལྟའི་བར་ཀྲུང་གོའི་མི་བཟང་པང་ཐེངས་བརྒྱ་དང་ལྔ་བཅུ་སྤྱི་བསྒྲགས་བྱས། བསྡོམས་པས་མི་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་ཉེར་བརྒྱད་ཀྲུང་གོའི་མི་བཟང་ནང་དུ་བདམ་ཐོན་བྱུང་། ལི་ཕའེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གྱིས་ཧོང་ཧྲན་མཛེས་ཁུལ་དུ་སོ་སོ་ཁོར་སྲུང་གཙང་སྦྲ་ལས་ཀ་དང་། མགྲོན་བསུ་གསོམ་སྡོང་སྲུང་སྐྱོང་ལས་ཀ་གཉེར་བ་དང་། ༢༠༡༢ལོ་དང་༢༠༢༡ལོ་སྔ་རྗེས་སུ་ལས་བཀུར་བློས་གཏོང་རིགས་ཀྱི་ཀྲུང་གོའི་མི་བཟང་ནང་དུ་བདམ་ཐོན་བྱུང་བ་རེད། ཉེ་ཆར། ལི་ཕའེ་ཧྲེང་དང་། ཧུའུ་ཞའོ་ཁྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ལས་ཀའི་གནས་ཚུལ་སྙན་ཞུ་དང་སེམས་ཀྱི་ཚོར་སྣང་ཡར་ཞུ་བྱས་ཏེ། མཛེས་སྡུག་གི་ཧོང་ཧྲན་རི་བོ་སྲུང་སྐྱོང་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་བསྐྲུན་བྱེད་པར་སྟོབས་ཤུགས་འབུལ་བའི་ཆོད་སེམས་བརྗོད་པ་རེད།

  • 顶 0