ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་སྐབས། ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་ཡུན་བཅས་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་ བྱེད་རྒྱུ་མཐའ་

2020-05-25
0

ཟླ་5ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་ཞིབ་དང་གྲོས་བསྡུར་ནང་ཞུགས་པ།

དབང་དབྱང་གཟིགས་ཞིབ་དང་གྲོས་བསྡུར་ནང་ཞུགས་པ།
     ■ རང་རྒྱལ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་འདང་ངེས་ཡོད་པ་དང་། མཉེན་ཤུགས་ཆེ་བ། འཕར་ཆག་བར་མཐོངས་ཆེ་བ། སྲིད་ཇུས་བྱ་ཐབས་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད། འབྱུང་འགྱུར་ལ་ཕྱོགས་ནས། ང་ཚོས་རྒྱལ་ནང་གི་དགོས་མཁོ་སྐོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། ཆ་ཚང་བའི་ནང་མཁོའི་མ་ལག་མགྱོགས་མྱུར་འཛུགས་པ་དང་། ཚན་རྩལ་གསར་གཏོད་དང་དེ་མིན་ཕྱོགས་ཁག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། རིག་ནུས་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། འཕར་གནས་གསར་པ་དང་འཕར་གཞི་གསར་པ་དེ་བས་མང་བ་ཆགས་པར་བྱེད་པ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་ཧུར་ཐག་ཐུབ་པ་བྱེད་པ་བཅས་བྱས་ཏེ་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་པར་བྱེད་དགོས་ལ། དུས་བབ་གསར་པའི་འོག་རང་རྒྱལ་འདི་ཉིད་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་ཡུན་བཅས་ཀྱི་མིག་རྒྱང་ཐོག་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་ཡིན་པའི་རང་རྒྱལ་གྱི་མངོན་མེད་སྟོབས་ཤུགས་དང་ནུས་པ་འདོན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་འཐབ་ཇུས་ཁ་ཕྱོགས་གཏན་འཁེལ་ཁ་གསལ་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ཡར་འཕེལ་གྱི་རྩ་བའི་འཕེལ་ཕྱོགས་བརྟན་དུ་གཏོང་བ། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་སྲ་བརྟན་དུ་གཏོང་བ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་པ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྲོད་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།
     མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཝང་དབྱི་མིང་དང་། ལིའུ་ཆི། ལིའུ་ཡུང་ཧའོ། ཧུའུ་ཞའོ་ལན། དབྱང་ཁྲེང་ཁྲང་བཅས་ཨུ་ཡོན་5ཡིས་ལས་ཞུགས་ཀྱི་ལས་རྣམ་གསར་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་། ཁྱད་ལྡན་སྣོད་བཅུད་ཐོན་ཁུངས་དབུལ་སྒྲོལ་འགག་སྒྲོལ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ། དམངས་གཉེར་ཁེ་ལས་ཀྱི་ཉེན་ཁ་གོ་སྐབས་སུ་བསྒྱུར་བ་དང་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་པ། མཐོང་ཚོར་གསར་པའི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་ལྟ་བར་ཡོང་བ་དང་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། དེར་བཞུགས་པའི་ཨུ་ཡོན་རྣམ་པ་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་དབྱེ་ཞིབ་དང་། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས། ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་ཡུན་བཅས་ཀྱི་མིག་རྒྱང་ཐོག་ནས་མིག་སྔའི་དཀའ་ངལ་དང་། ཉེན་ཁ། འགྲན་སློང་བཅས་ལ་ལྟ་སྟངས་འཛིན་པ་དང་། སྤྱི་ཚོགས་ཡོངས་དང་ལྷག་དོན་དུ་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གདེང་ཚོད་ཆེ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ཡར་འཕེལ་གྱི་གཞི་རྩའི་འཕེལ་ཕྱོགས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག འཕར་བའི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་མོད། འོན་ཀྱང་གྲུབ་ཆའི་རང་བཞིན་དང་། སྒྲིག་གཞིའི་རང་བཞིན། དུས་འཁོར་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་འདྲེས་འཛིང་ལས་བྱུང་བའི་དཀའ་ངལ་དང་འགྲན་སློང་འཕྲད་པའི་ཁར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་གནོན་ཤུགས་ཅུང་ཆེན་པོ་འཕྲད་ཡོད། ད་དུང་ང་ཚོས་འཛམ་གླིང་གི་དཔལ་འབྱོར་ཉམས་ཆག་ཤུགས་ཆེན་འགྲོ་བ་དང་། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ཤུགས་ཆེན་ཆག་པ། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་གཡོ་འགུལ་ཆེ་བ། རྒྱལ་སྤྱིའི་འགྲོ་འོང་ལ་ཚོད་འཛིན་ཐེབས་པ། དཔལ་འབྱོར་གོ་ལ་ཅན་ཇེ་སྡུག་ཏུ་འགྲོ་བ། རྒྱལ་ཁབ་ལ་ལར་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་དར་ཁྱབ་འགྲོ་བ། ས་འབྲེལ་ཆབ་སྲིད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་སོགས་ཀྱི་ཕན་མེད་རྣམ་པ་ཐོན་པས། ངེས་པར་དུ་དེ་བས་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་འཛམ་གླིང་ནང་རང་རྒྱལ་འཕེལ་རྒྱས་གཏོང་ཐབས་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་འདང་ངེས་ཡོད་པ་དང་། མཉེན་ཤུགས་ཆེ་བ། འཕར་ཆག་བར་མཐོངས་ཆེ་བ། སྲིད་ཇུས་བྱ་ཐབས་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་པ་མཐོང་བ་བྱེད་དགོས། རང་རྒྱལ་དུ་གོ་ལ་ཧྲིལ་པོའི་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་མ་ལག་དང་། ཤུགས་ཆེའི་ཐོན་སྐྱེད་ནུས་པ། འཐུས་སྒོ་ཚང་བའི་ལེ་ལག་ནུས་པ་བཅས་ཡོད་པ་དང་། ཁྲོམ་རའི་བྱེད་པོ་དུང་ཕྱུར་1ལྷག་ཙམ་དང་མཐོ་རིམ་སློབ་གསོ་ཐོབ་པའམ་ཡང་ན་ཆེད་ལས་རྩལ་ནུས་སྣ་ཚོགས་ཡོད་པའི་ཤེས་ལྡན་མི་སྣ་དུང་ཕྱུར་1.7ལྷག་ཙམ་ཡོད་པ་མ་ཟད། ད་དུང་འབྱོར་པ་འབྲིང་གྲས་ཀྱི་ཚོགས་སྤྱི་དུང་ཕྱུར་4ཚུད་པའི་མི་འབོར་དུང་ཕྱུར་14ལས་གྲུབ་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ནང་མཁོའི་ཁྲོམ་ར་ཡོད་པའི་ཁར། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་མྱུར་བའི་དུས་མཚམས་སུ་གནས་པས། མ་འཇོག་དགོས་མཁོའི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་། བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བཅས་ཡོད་པས། རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་ཕན་པ་ཡོད་ལ། ལས་ཕྱོད་ལ་སྐུལ་འདེད་གཏོང་བ་དང་དྲང་གཞག་གཅིག་གྱུར་དམ་ཟབ་ཡོང་བ་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་ཡང་ཕན་པ་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ང་ཚོས་རྒྱལ་ནང་གི་དགོས་མཁོ་སྐོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། ཆ་ཚང་བའི་ནང་མཁོའི་མ་ལག་མགྱོགས་མྱུར་སྐྲུན་པ་དང་། ཚན་རྩལ་གསར་གཏོད་དང་དེ་མིན་ཕྱོགས་ཁག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། རིག་ནུས་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། འཕར་གནས་གསར་པ་དང་འཕར་གཞི་གསར་པ་དེ་བས་མང་བ་ཆགས་པར་བྱེད་པ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་ཧུར་ཐག་ཐུབ་པ་བཅས་བྱས་ཏེ་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་པར་བྱེད་དགོས་ལ། དུས་བབ་གསར་པའི་འོག་རང་རྒྱལ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པའི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ད་ཆ་རྒྱལ་སྤྱིའི་ཐོག་སྲུང་སྐྱོང་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་ཆེ་རུ་ཕྱིན་ཡོད། ཡིན་ནའང་ང་ཚོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་མཐའ་འཁྱོངས་དང་། སྒོ་དབྱེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་བློ་རྒྱར་བརྟེན་ནས་འཕེལ་རྒྱས་ཇུས་འགོད་བྱེད་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཅན་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དེ་དང་དུས་མཚུངས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཞན་ཆ་སེལ་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ་ཉེན་ཁ་ཆེ་རིགས་ལ་འགོག་ཟོན་དང་སེལ་བའི་ལས་དོན་ཡག་པོ་ཧུར་ཐག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། 2020ལོར་སླེབས་སྐབས་ད་ལྟ་སྤྱོད་བཞིན་པའི་རང་རྒྱལ་གྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ། ས་ཁོངས་རང་བཞིན་གྱི་དབུལ་པོ་ཧྲིལ་པོའི་གནད་དོན་ཐག་གཅོད་འགན་ལེན་བྱེད་པ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད། མིག་སྔར་ད་དུང་རྒྱལ་ཡོངས་སུ་རྫོང་དབུལ་པོ་52དབུལ་ཞྭ་འཕུད་མེད་པ་དང་། གྲོང་ཚོ་དབུལ་པོ་2707དབུལ་པོ་ནས་ཕྱིར་འཐེན་ཐུབ་མེད་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་མེད། སྔོན་ཆད་དང་བསྡུར་ན་བསྡོམས་འབོར་མང་པོ་མེད་མོད། འོན་ཀྱང་ཚང་མ་དབུལ་པོ་དབུལ་ཤོས་དང་། དཀའ་ངལ་ཆེ་ཤོས་དང་། ཐག་གཅོད་ཁག་ཤོས་ཀྱི་གནད་དོན་ཞིག་རེད། ང་ཚོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་དུ་ཧུར་ཐག་གསོད་པ་དང་དེ་བས་དཀའ་སྤྱད་འབད་བརྩོན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཧ་ཅང་གལ་འགངས་ཆེན་པོ་ཡོད། “འགན་ལེན་དྲུག”ནི་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་ལེན་གལ་ཆེན་ཞིག་ཡིན་པས། ལས་ཞུགས་བརྟན་པོའི་བྱ་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་དཀའ་གནད་ལས་སྒྲོལ་རོགས་བྱེད་པ། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་སོལ་གློག་སྣུམ་རླངས་བཅས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བའི་འགན་ལེན་བཅས་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་ཞབས་འདེགས་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག“བརྟན་པོ”དང“འགན་ལེན”གྱི་རྨང་གཞིའི་ཐོག་ཧུར་སྐྱེད་ཡར་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ང་ཚོ་ལྟ་བུའི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ལ་དུས་གང་རུང་ཞིག་ཏུའང་སྣང་ཆུང་མི་བྱེད་པ་དང་ཉམས་ཞན་དུ་གཏོང་མི་རུང་། ལག་ཏུ་འབྲུ་རིགས་ཡོད་ན། སེམས་ལ་དངངས་སྐྲག་མེད་ཅེས་པ་འདི་དུས་གང་རུང་ཞིག་ཏུའང་བདེན་དོན་རེད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་པོ་འདི་འདྲ་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་སྤྱི་ཚོགས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་ནི། འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཐུབ་པ་དང་ཁ་འབྲལ་ཐབས་མེད། སྤྱིའི་ཆ་ནས་བརྗོད་ན། རང་རྒྱལ་གྱི་ཞིང་ལས་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་འབྲུ་རིགས་གསོག་འཇོག་འདང་ངེས་ཡོད་པས། འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པའི་ནུས་པ་རྦད་དེ་ལྡན་ཡོད། དུས་བབ་གསར་པའི་འོག་ཞིང་ལས་འཕེལ་རྒྱས་གཏོང་རིང་གནས་པའི་གདིང་རྩའི་འགལ་ཟླ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་གྲུབ་ཆ་དང་། ཉེན་ཁ་འགོག་པའི་ནུས་པ། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་བཅས་ཀྱི་ཐད་གཙོ་གནད་ཤུགས་རྒྱག་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་བྱས་ཏེ“འབྲུ་རིགས་ཐོན་ཁུལ”གྱི་ཧྲེང་ཀྲང་གིས་འགན་འཁུར་ལམ་ལུགས་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་ཏན་ཏིག་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཕག་ཤ་སོགས་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་བརྟན་པོ་ཡོང་བ་དང་། ཕག་པ་ཐོན་སྐྱེད་བྱེད་མཁན་ཞིང་ཆེན་གྱིས་སྤྱི་འགན་འཁུར་བའི་བླང་བྱ་དོན་འཁྱོལ། ཨ་ཧྥེ་རི་ཁའི་ཕག་ནད་སོགས་སྲོག་ཆགས་ཀྱི་འགོ་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་རྒྱུན་མཐུད་དམ་འཛིན་བཅས་བྱས་ཏེ“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་པོའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། བརྒྱ་ཆ་བཅུ་བཀོད་སྒྲིག་ལ་ཐུག་པ་དང་། བརྒྱ་ཆ་དགུ་བཅུ་དོན་འཁྱོལ་ལ་ཐུག་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཚང་མས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་དང་བྱེད་ཐབས་ཀྱི་སྟབས་བསྟུན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཆ་འགྲིག་རང་བཞིན་བཅས་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པའི་འབད་བརྩོན་བྱེད་དགོས། ལས་ཀའི་སྤྱོད་ཚུལ་སྒྱུར་བ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བཅས་བྱས་ཏེ། སྟོབས་ཤུགས་དང་ཐོན་ཁུངས་དེ་བས་མང་པོ་གཞི་རིམ་དུ་ཕྱོགས་པ་དང་དོན་གཉེར་དང་ཕན་འབྲས་དངོས་ཐོན་པའི་ཐད་ཤུགས་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས་པའི་ནན་བཤད་གནང་བ་རེད།

                                                              

  • 顶 0