ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མི་རིགས་སྐད་ཡིག་ལེ་ཚན་གཉེར་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

2020-05-24
0

 སྤྱི་ཚེས22ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མི་རིགས་སྐད་ཡིག་ལེ་ཚན་གཉེར་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་ཡོད།

སྤྱི་ལོ1950ལོའི་ཟླ5པའི་ཚེས22ཉིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གཏོང་འགོ་ཚུགས་པ་དང་བསྟུན། ཀྲུང་གོ་གསར་པའི་མི་རིགས་སྐད་ཡིག་དྲིལ་བསྒྲགས་ཀྱི་བྱ་གཞག་དངོས་སུ་འགོ་ཚུགས་པ་ནས་ད་བར་བགྲང་བྱ་བདུན་ཅུ་འདས་ཟིན་ཞིང་། མིག་སྔར་སོག་སྐད་དང་། བོད་སྐད། ཡུ་གུར་སྐད། ཧ་སག་སྐད། ཁོ་རེ་ཡའི་སྐད་སོགས་མི་རིགས་སྐད་ཡིག་གི་རླུང་འཕྲིན་དང་། སྨྱན་སྦྱོར་གསར་པ་སོགས་འདུས་པའི་མི་རིགས་སྐད་ཡིག་ལེ་ཚན་གྱི་དྲིལ་བསྒྲགས་སྟེགས་བུ་ཆེན་པོ་ཞིག་གྲུབ་ཡོད།

ལོ་ངོ70སོང་རིང་། མི་རབས་ཁ་ཤས་ཀྱི་མི་རིགས་སྐད་ཡིག་ལས་དོན་པས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་བརྩེ་དུང་ཟབ་མོ་འཆང་བའི་ཐོག་ནས་མི་རིགས་སྐད་ཡིག་ལེ་ཚན་ཡག་པོ་གཉེར་བ་དང་། ཏང་གི་གསུང་སྒྲ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་སུ་གྲགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་པ། མཐའ་མཚམས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁུལ་གོང་འཕེལ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་བའི་ལོ་ཤས་ནང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཐོན་ཁུངས་གཅིག་སྡུད་ཀྱི་བཟང་ཆ་དང་། སྨྱན་སྦྱོར་མཉམ་འདྲེས་ཀྱི་གོང་འཕེལ་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་སྐད་ཡིག་ལེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བློ་རིག་གཅིག་ཏུ་སྒྲིམ་ནས་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་བརྗོད་པ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་། མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་གཏམ་རྒྱུད་ཡག་པོ་གླེང་རྒྱུར་སྐུལ་འདེད་བཏང་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན། སྤྱི་ཁྱབ་རྩོམ་སྒྲིག་པ་ཧྲེན་ཧའེ་ཞུང་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་ཡོད།

ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། འགོ་ཁྲིད་བློ་མཐུན་གྱི་བླང་བྱ་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་འགྲེལ་བརྗོད་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ང་ཚོའི་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་བརྒྱུད། མི་རིགས་ཁག་ཤིང་ཏོག་སེ་འབྲུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་སྟེ། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་གྱི་མཐའ་མའི་དམག་འཐབ་ཡག་པོ་རྒྱག་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་འགན་གཙོ་བོ་དམ་པོར་འཛིན་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་མི་རིགས་སྐད་ཡིག་དྲིལ་བསྒྲགས་དཔུང་ཁག་ འབད་བརྩོན་ཆེན་པོས་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཡུ་གུར་སྐད་ལེ་ཚན་གྱི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་ཨ་པུའུ་ཏུའུ་ཁ་ཏར།

བོད་སྐད་ལེ་ཚན་གྱི་གཞོན་ནུའི་འཐུས་མི་ཟླ་བ་གཡུ་སྒྲོན།

བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་བོད་སྐད་ལེ་ཚན་གྱི་གཞོན་ནུའི་འཐུས་མི་དང་། ཡུ་གུར་ལེ་ཚན་གྱི་བློ་མཐུན་རྒན་གྲས་ཀྱི་འཐུས་མིས་ཁག་སོ་སོར་གཏམ་བཤད་སྤེལ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་སུ་བརྟན་པོར་ངེས་ནས། མི་རིགས་དྲིལ་བསྒྲགས་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མི་རིགས་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་སྒར་ས་གཙོ་བོ་བརྟན་སྲུང་བྱས་ནས། ལྟེ་བར་གཞིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ། བརྗོད་དོན་གཙོ་བོ་དམ་པོར་འཛིན་པ། དྲང་ནུས་རྒྱུད་སྤེལ་བྱས་ཏེ། སྤྱི་ཁྱབ་ལས་ཁུངས་འདི་ཉིད་སྣེ་ཁྲིད་ནུས་པ་དང་། ཁྱབ་བསྒྲགས་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་ཞིག་ཏུ་ཧུར་ཐག་གཏོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

བཞུགས་མོལ་ཚོགས་འདུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ཅང་ཞི་ཝེ་ནས་གཙོ་སྐྱོང་གནང་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། སྤྱི་ཁྱབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཁག་གཅིག་དེ་བཞིན་བློ་མཐུན་རྒན་གྲས་ཀྱི་འཐུས་མི་བཅས་70གྲོས་ཚོགས་ལ་ཞུགས་ཡོད།


  • 顶 0