“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི”འཐབ་ལམ་གསར་པ་གཏོད་པར་བརྩོན་པ། མཚོ་སྔོན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་

2020-05-24
0

   ཟླ5ཚེས22ཉིན་གྱི་ཞོགས་པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཡིད་ཆེས་ཀྱིས་ཁེངས་བཞིན་རང་གི་སྡོད་གནས་ནས་མི་དམངས་ཚོགས་ཁང་ཆེན་མོར་སྐྱོད་བཞིན་པའི་ཚུལ།

微信图片_2.jpg

ཚོགས་འདུར་མ་ཞུགས་པའི་སྔོན་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁུང་ཆིང་ཅུས་དང་། ཤ་བོ་སྒྲོལ་མ། ཨ་ཧྲིན་ཆིང་། ཧྲ་ཧྥུན་བཅས་ཀྱིས་མཉམ་དུ་བགྲོ་གླེང་བྱེད་བཞིན་པའི་ཚུལ།

微信图片_3.jpg

ཚོགས་འདུར་མ་ཞུགས་པའི་སྔོན་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཞའོ་རུང་དང་། མོང་ཧའེ། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་མཉམ་དུ་བགྲོ་གླེང་བྱེད་བཞིན་པའི་ཚུལ།

མེ་ཏོག་བཞད་ནས་ནད་དུག་ཡལ་གྱུར་པས། སྐྱེ་དངོས་ཀུན་གྱི་གསོན་ཉམས་ལྷག་པར་མཛེས།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད8པའི་ཡས་མས་སུ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་གཟབ་ནན་གྱིས་ཚོགས་འདུར་ཞུགས་པའི་དཔང་ཡིག་བཏགས་ཤིང་ཁ་ཐིམ་བརྒྱབས་ཏེ། མཚོ་སྔོན་འཐུས་ཚབ་ཚོགས་པའི་སྡོད་གནས་ནས་ལམ་ལ་ཆས།

“འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་ཕུན་སུམ་ཚོགས་པོའི་འཚོ་བ་རོལ་བ་དང་བློ་རྩ་བརྟན་པོས་བརྒྱུད་ནས་ཡོང་བ་ཡིན། རྒྱལ་ཁབ་ནི་དེ་འདྲ་ཡིན་ལ། མི་སྒེར་ཡང་དེ་འདྲ་ཡིན།“ མི་དམངས་ཚོགས་ཁང་ཆེན་མོར་འགྲོ་བའི་ལམ་བར་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཡུང་ལི་ཡིས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད་དོན།  “འདི་ནི་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་འཚོགས་པའི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་གྲོས་ཚོགས་ཤིག་རེད། ངས་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་ཏང་ལ་སྤོབས་སེམས་ཆེན་པོ་སྐྱེ་བཞིན་ཡོད། ངས་ངེས་པར་དུ་རིམས་ནད་འགོག་སྡོམ་གྱི་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་དེ་ཐོན་ལས་བསྐྱར་འཛུགས་བྱེད་པའི་སྒུལ་ཤུགས་ཆེ་ཤོས་སུ་བསྒྱུར་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད་པ་དང་། ཐེངས་འདི་རྩིས་ན་ཁོ་རང་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཐེངས་གསུམ་ཞུགས་པ་རེད།

微信图片4.jpg

རང་ཞིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཡུང་ལི་ལགས་རྗེས་ཕྱོགས་སུ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ་རེད།

འདས་པོའི་རྣམ་ཤེས་བདེ་བར་གཟིམ། གསོན་པོ་བློ་སྤོབས་ཆེན་པོས་བསྐྱོད། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ངག་བསྡམས་ནས་མྱ་ངན་སྐར་མ་གཅིག་ཞུས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་ཆབས་ཅིག་ཙུང་ལི་ལིས་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་གནང་བ་རེད།

“དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། དཔལ་འབྱོར་གྲུབ་ཆ་དང་ས་ཁོངས་ཀྱི་བཀོད་པ་མུ་མཐུད་དུ་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། སྒྱུར་བཅོས་སྒོ་འབྱེད་གོམ་སྟབས་གལ་ཆེན་སྤོས་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རྒྱས་བྱུང་བ།”

2019ལོར་ཕྱིར་མིག་བལྟས་ཚེ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སླར་ཡང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད།

མི་ཚོགས་ཁྲི་མ་འབུམ་གྱི་བློ་རྩེ་དེ། །གཅིག་ཏུ་སྒྲིམ་ནས་ཕན་པའི་ལས་ལ་འབད། །

སྔར་བས་དཀའ་ངལ་ཆེ་བའི་འཐབ་ས་ནས། །ལྷག་པར་དཔའ་སྤོབས་བསྐྱེད་དེ་མདུན་དུ་བསྐྱོད། །

微信图片_5.jpg

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨ་ཧྲིན་ཆིང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་པའི་མྱོང་ཚོར་གླེང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཚུལ། 

“དེ་རིང་གི་འགོ་རྩོམ་ཚོགས་ཆེན་ལ་ཞུགས་སྐབས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རིམས་ནད་ཀྱི་རྐྱེན་གྱིས་ཟླ3པར་འཚོག་རྒྱུའི་གྲོས་ཚོགས་དེ་ཉིན70ལྷག་ཙམ་ནར་འགྱངས་བྱས་ཡོད།” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨ་ཧྲིན་ཆིང་གིས་སེམས་ལ་ཡིད་ཆེས་ཀྱིས་བརྟས་ཏེ། “ལོ་རྒྱུས་ཀྱི་ཉམས་མྱོང་ལས་བདེན་དཔང་བྱུང་བ་ལྟར་ན། ཀྲུང་ཧྭ་མི་རིགས་བར་ཆད་མང་པོ་བྱུང་མྱོང་མོད། འོན་ཀྱང་དུས་ནམ་ཡིན་ཡང་དཀའ་ངལ་གྱི་མདུན་ནས་མགོ་བོ་སྒུར་མ་མྱོང་ལ། ཕམ་ཉེས་ཇི་ཙམ་བྱུང་ཡང་དེ་ཙམ་གྱིས་དཔའ་ངར་ཆེ་བས། དཀའ་ངལ་ཁྲོད་ནས་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་བ་དང་། དཔའ་ངར་ཆེ་རུ་སྐྱེད་བཞིན་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་ཆད་མེད་པར་སླར་གསོ་དང་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་ཐོན་པ་དང་། འཁྲུག་ཆ་དོད་པོར་ཕྱིན་ཡོད། གྲོས་ཚོགས་གཉིས་འཚོགས་པ་དེས་རྒྱལ་ཡོངས་མི་དམངས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ངར་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་དང་སེམས་ཤུགས་གཅིག་སྒྲིལ། རང་འགུལ་གྱིས་བྱས་རྗེས་འཇོག་པ། སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཏེ། ཤོར་ཟིན་པའི་དུས་ཚོད་སླར་འཕྲོག་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་ལེན་ཐུབ་ངེས་ཡིན“ཞེས་བཤད་པ་རེད། 

ཇི་ལྟར་དམངས་ཀྱི་འདོད་པར་བསྟུན་གྱུར་ན། །དེ་ལྟར་དམངས་ཀྱི་སེམས་གཏམ་ཐོས་པར་འགྱུར། །

6.jpg

རང་ཞིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲ་ཧྥུན་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་དམངས་ལ་ཕན་བདེ་མང་དུ་བསྐྲུན་པར་སེམས་འགུལ་ཐེབས་ཚུལ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲ་ཧྥུན་གྱི་སྐད་ཆའི་ཁྲོད་དུ་སྤྲོ་སེམས་ཀྱིས་ཁེངས་ཏེ། “ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཚིག་ཚོགས་རིང་པོ་མེད་མོད། འོན་ཀྱང་ང་ཚོས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་ཚོར་ཐུབ་པ་བྱུང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ། ཕྱར་བ་གྲུ་འདེགས། ཕན་ཚུན་རོགས་རེས་བཅས་བྱས་ནས། རིམས་ནད་ལ་འགོག་རྒོལ་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་མོ་བསྐྲུན་པ་དང་། བཀྲག་མདངས་འཚེར་བའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཏོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’ཇེ་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’སྒྲུབ་ཐུབ་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པ། སེམས་ཤུགས་གཅིག་སྒྲིལ་དང་དམངས་སེམས་ལྕགས་རི་བཞིན་བརྟན་པར་བྱས་ཚེ། དཀའ་སྡུག་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་གསོན་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་བསྒྱུར་ཐུབ་ངེས་ཡིན“ཞེས་བཤད་པ་རེད། 

”ལས་ཞུགས་དང་དམངས་འཚོར་འགན་སྲུང་བྱེད་པ། མ་དངུལ་དུང་ཕྱུར་ལས་བརྒལ་བའི་ཚོང་རའི་གྲུབ་ཆ་གཙོ་བོ་ངེས་པར་དུ་བརྟན་པོ་ཡོང་བར་བྱས་ནས།  ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲ་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དཀའ་གནད་ལས་སྒྲོལ་རོགས་གང་ཐུབ་བྱེད་དགོས།”

“དཀའ་ངལ་དང་འགྲན་སློང་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་བསལ་ནས་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས།”

“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས།”

“དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་བྱེད་ཐབས་དོན་འཁྱོལ་དང་། ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཁག་ཐེག་བྱས་ནས་ཞིང་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།”

“བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་སྐྱེད་པ་དང་། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་ཇེ་བརྟན་དུ་བཏང་སྟེ། སྒོ་འབྱེད་བརྟེན་པོས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།”

“དཀའ་ངལ་གྱི་མདུན་དུ་གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་ཀྱི་དོན་དག་འབད་པ་ཆེན་པོས་ལེགས་པོར་སྒྲུབ་དགོས།”

ཟོལ་མེད་ཀྱི་སྐད་ཆ་དང་། དངོས་དོན་གཉེར་བའི་བྱེད་ཐབས་རེ་རེ་ལས། འཐུས་མི་ཚོའི་སེམས་སུ“ཕུགས་འདུན་མདུན་དུ་ལྷགས་པ་དང་། འགན་འཁྲི་ཕྲག་ཏུ་བབས་ཡོད་པའི“བསམ་འདུན་མཚོན་བཞིན་ཡོད། 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤ་བོ་སྒྲོལ་མའི་གདོང་ལ་ངར་ཤུགས་འཕེལ་བའི་ཉམས་ཤིག་ཤར་བཞིན། “སྲིད་གཞུང་གི་ལས་དོན་སྙན་ཞུ་ཡིས་ང་ཚོའི་འབྱུང་འགྱུར་གྱི་འགན་སྒྲུབ་ལ་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཁ་གསལ་བཟོས་ཡོད། རྗེས་ཕྱོགས་ངས་སེམས་ཤུགས་སྔར་བས་མང་པོ་བཏོན་ནས་དམངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྣོད་བཅུད་སྲུང་སྐྱོང་དང་། ཚན་རྩལ་གསར་གཏོད། གྲོང་གསེབ་དར་རྒྱས་སོགས་ལ་མུ་མཐུད་དུ་དམིགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ་ཡིནཞེས་བཤད།

7.jpg

རང་ཞིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཱ་ཧྥུ་ཁྲང་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བར་རེ་སྒུག་གསར་པ་བཅངས་ཡོད།

ཁ་སང་ཆར་པ་དྲག་པོ་བབས་རྗེས་རྒྱལ་སའི་ནམ་མཁའ་སྔར་བས་སྔོ་ཞིང་དྭངས།

གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་ཉམས་སད་ཀྱི་མདུན་དུ། མཚོ་སྔོན་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་མི་སེམས་ཀྱི་ལྕགས་རི་བརྩིགས་ཏེ་མི་བརྒྱ་སེམས་གཅིག་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རིམས་ནད་འགོག་པའི་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་གྱིས་སླར་གསོ་བྱུང་ཡོད།

བཀའ་མངགས་ནན་པོ་རྣ་བའི་བུ་གའི་རྒྱན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་གྱི་ཁྲིད་སྟོན་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་གཏོད་སྲོལ་འབྱེད་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྒྱག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། །


  • 顶 0