རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་རིང་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་འཚོག་རྒྱུ་རེད།

2020-05-22
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོག་རྒྱུ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུ་འཚོག་རྒྱུ་རེད། 

འགོ་ཚུགས་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚུགས་ཞུགས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་ནས་གྲོས་ཞིབ་བྱ་རྒྱུ་རེད། 

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཝང་དབྱང་གིས་འགོ་ཚུགས་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་འབུལ་བར་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། ཞིན་ཧྭ་དྲ་བས་འགོ་ཚུགས་ཚོགས་འདུར་ཡིག་རིས་རྣམ་པས་ཐད་གཏོང་བྱ་རྒྱུ་རེད། 

ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མི་ཚོགས་པ་སོ་སོས་ཚོགས་འདུ་འཚོག་ནས། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་འདེམ་རྒྱུ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་གི་མིང་ཐོའི་མ་ཟིན་ལ་གྲོས་ཞིབ་དང་། ཚོགས་ཆེན་གྱི་གྲོས་རིམ་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད། ཚེས21ཉིན་གྱི་དགོང་མོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུ་འཚོག་ནས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་འདེམ་རྒྱུ་དང་ཚོགས་ཆེན་གྱི་གྲོས་རིམ་མ་ཟིན་ལ་གྲོས་ཐག་གཅོད་རྒྱུ་རེད། གྲ་སྒྲིག་ཚོགས་འདུའི་རྗེས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་རེད། དུས་ཚོད21དང་སྐར་མ40སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་ཆེན་བྱ་བའི་འབྲེལ་ཡོད་གནད་དོན་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད། རིམས་འགོག་ནུས་ལྡན་ཡོང་བ་དང་། སྤྱི་བའི་འཕྲོད་བརྟེན་དང་བདེ་ཐང་ཐུན་མོང་ཐོག་བརྩི་སྲུང་བྱ་ཆེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དྲ་ལམ་བརྙན་འཕྲིན་གྱི་རྣམ་པས་འཚོག་རྒྱུ་རེད།  །


  • 顶 0