ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

2020-03-17
0

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རིམས་ནད་ཀྱི་འགྱུར་ལྡོག་གཞིར་བཟུང་སྟེ་ཚན་རིག་དང་མཐུན་པའི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། རིམས་ནད་རྒྱལ་ཁོངས་བརྒལ་ནས་ཕྱི་ནང་ལ་མཆེད་པར་དོགས་ཟོན་ནན་མོ་བྱེད་དགོས་ལ། འགོག་སྲུང་རྗེས་མཐུད་བྱ་བ་བཟང་བོར་བསྒྲུབ་ནས་ལས་ཀ་དང་ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་དགོས་ཟེར།

གྲོས་ཚོགས་ནས་བསྟན་དོན། ཝུའུ་ཧན་དང་ཧུའུ་པེ་ཡིས་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པ་དང་། ས་ཁུལ་གཞན་པས་འབྱུང་སྲིད་པའི་གཅིག་སྡུད་རང་བཞིན་གྱི་ནད་ཡམས་ལ་དོགས་ཟོན་ནན་མོ་བྱེད་དགོས། དེང་སྐབས་ཕྱི་ནས་ནང་ལ་མཆེད་པའི་ནད་ཡམས་ཀྱིས་ཤུགས་རྐྱེན་ཐེབས་ངེས་ཡིན་པས། འབྲེལ་ཡོད་རྒྱལ་ཁབ་བར་འབྲེལ་འདྲིས་དང་འགུལ་སྐྱོད་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། མཉམ་དུ་གནས་སྐོར་རིམས་འགོག་ཚོད་འཛིན་ཁ་ཕྱོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མི་སྒེར་དང་ས་གནས། སྣེ་ལེན་ཁང་། ཁྱིམ་ཚང་སོགས་ཀྱི་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས་པ་དང་སྡོད་དམངས་ཕྱི་རྒྱལ་དུ་གནས་སྐོར་ལ་འགྲོ་བར་གསལ་འདེབས་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་མང་ཤོས་ཀྱིས་འཕྲལ་སྒྲུབ་བརྡ་ལན་རིམ་པ་ཇེ་དམའ་རུ་བཏང་ཟིན་པས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་འགོག་སྲུང་བྱེད་ཐབས་ལེགས་སྒྱུར་བྱེད་དགོས། ཉིན་གང་མང་ལ་རིམས་ནད་ཕོག་བའི་ནད་པ་གསར་བ་མ་བྱུང་བའི་ས་ཁུལ་གྱིས་མི་སྣ་སྟབས་བདེ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པར་ཞོར་ལས་བ་ཡང་བསྐྱར་ལས་གནས་སུ་ཞུགས་སྐབས་ཞིབ་བཤེར་བྱེད་པའི་དུས་ཚོད་གཏན་འཁེལ་བྱེད་དགོས་པ་དང་། བྱ་བ་སྒྲུབ་པའི་སྐབས་སུ་འགོག་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས་ཁྱོན་ཡོངས་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ནུས་པ་འདོན་དགོས་ཟེར།

  • 顶 0