ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛད།

2020-03-11
0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས10ཉིན་ཆེད་དུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛད།འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲིན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ་བརྙན་རིས་ཀྱི་ལམ་ནས་འགོད་ནད་ཚན་ཁག་གི་ནད་ཁང་དུ་ཡོད་པའི་ནད་པ་དང་སྨན་བཅོས་མི་སྣར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཏུའུ་ཧུའུ་མཁར་གསར་སྡོད་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་བསྡུས་སྡེབས་སྐྱེལ་བྱེད་ས་ནས།སྡོད་ཁུལ་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་ཉོ་སྡུད་དང་མཁོ་འདོན་གྱི་གནས་ཚུལ་ཞིབ་མོར་འདྲི་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲིན་ཧྲན་སྨན་ཁང་གི་གཞུང་སྒྲུབ་ཐོག་ཁང་ཕྱི་རོལ་གྱི་ཐང་ཆེན་ནས་ཧུའུ་པེ་ཞིང་ཆེན་དང་དམག་དཔུང་།ས་ཆ་གཞན་པའི་ཧུའུ་པེར་རོགས་སྐྱོར་དུ་སོང་བ་བཅས་ཀྱི་སྨན་ཞབས་མི་སྣའི་འཐུས་མི་ལ་མཇལ་འཕྲད་གནང་ནས།བརྩེ་བའི་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཏུང་ཧུའུ་མཁར་གསར་སྡོད་ཁུལ་དུ་རྟོག་ཞིབ་མཛད་སྐབས།ཁྱིམ་དུ་ལོགས་སུ་བཀར་ཡོད་པའི་སྡོད་དམངས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུ་བ་དང་།འཚམས་འདྲི་མཛད་པའི་ཚུལ་རེད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་སྐབས་སུ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས10ཉིན་ཆེད་དུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛད།ཁོང་གིས་ནན་གྱིས་བསྟན་དོན།ཧུའུ་པེ་དང་ཝུའུ་ཧན་ནི་ཐེངས་འདིའི་རིམས་ནད་འགོག་སྡོམ་འཐབ་རྩོད་ཀྱི་གལ་འགངས་ཆེ་ཤོས་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ས་ཡིན།དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ནས།ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་གནས་བབ་དགེ་མཚན་ལྡན་ཞིང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་།དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་མོད།ཡིན་ནའང་རིམས་ནད་འགོག་སྡོམ་གྱི་ལས་འགན་ད་དུང་ཧ་ཅང་ལྕི་བས།འདི་འདྲའི་སྐབས་སུ་ཀླད་པ་སྔར་ལས་གསལ་བོ་དང་།སྔར་ལས་གཟབ་ནན།སྔར་ལས་ཡང་འབད་བསྐྱར་འབད་དང་ལས་དོན་སྒྲུབ་མཁས་བྱས་ཏེ།མུ་མཐུད་དུ་རིམས་ནད་འགོག་སྡོམ་ནི་དེང་སྐབས་ཀྱི་དོན་དག་ཆེས་ཆེན་པོ་དང་བྱ་བ་ཆེས་གལ་ཆེན་དུ་བརྩིས་ནས།སྣང་ཆུང་མི་བྱེད་པ་དང་སུན་སྣང་མེད་པ།ལྷོད་གཡེང་མི་བྱེད་པར་བློ་བརྟན་འགྱུར་མེད་ངང་འགོག་སྡོམ་བྱ་བ་སྣ་ཚོགས་དམ་འཛིན་དངོས་འཛིན་ཞིབ་འཛིན་བྱས་ནས།ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།འཐབ་རྩོད་ཚབས་ཆེན་འདིའི་ཁྲོད་དུ།ཧུའུ་པེའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་གདོང་མཆོང་སྔོན་སྐྱོད་དང་ཞུམ་མེད་འབད་འཐབ་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་དོན་པ་དང་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་མིས་གོས་དཀར་གྱི་གོ་ཆ་གྱོན་ཞིང་ལྡོག་སྐྱོད་བྱས་ཏེ་གཡུལ་ལ་ཆས།མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་ཐོས་འཕྲལ་འགུལ་སྐྱོད་སྤེལ་བ་དང་ཞུམ་པ་མེད་པར་ཁུར་ཆེན་ཕྲག་ཏུ་བླངས་ལ།རྒྱ་ཆེའི་སྡོད་ཁུལ་གྱི་ལས་དོན་པ་དང་སྤྱི་བདེ་ཉེན་རྟོག་པ།གཞི་རིམ་གྱི་ལས་བྱེད་པ།གཤམ་སྐྱོད་ལས་བྱེད་པ།དང་བླངས་པ་བཅས་ཀྱིས་ཆར་རླུང་ལ་མ་འཛེམས་པར་གཡུལ་ས་བརྟན་སྲུང་བྱས་པ་དང་།རྒྱ་ཆེའི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་མཐུན་དང་ཧུར་ཐག་གིས་ཟབ་ཞུགས་བྱས་པ་སོགས་བསྟོད་པར་འོས་པའི་སྔོན་ཐོན་དཔེ་ལེགས་དང་མི་སེམས་འགུལ་བར་བྱེད་པའི་བྱས་རྗེས་མང་པོ་རིམ་པར་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།འཐབ་རྩོད་དྲག་པོ་འདིའི་ཁྲོད་ནས།ཝུའུ་ཧན་མི་དམངས་ཀྱིས་གནས་ལུགས་ཆེན་པོ་རྟོགས་ཡོད་པ་དང་ཁྱོན་ཡོངས་བསམ་ཡོད་ལ།དཀའ་ངལ་ལ་མ་འཛེམས་ཤིང་ཞུམ་པ་མེད་པར་རང་རྟོགས་ཀྱིས་རིམས་ནད་འགོག་སྡོམ་གྱི་ཁྱོན་ཡོངས་ཀྱི་དགོས་མཁོར་བསྟུན་པ་དང་།རང་འགུལ་གྱིས་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཁྲོད་ཞུགས་ནས།བྱས་རྗེས་ཆེན་པོ་བཞག་སྟེ།རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཝུའུ་ཧན་མི་དམངས་ཀྱི་ཞུམ་པ་མེད་པའི་བློ་སྤོབས་དང་ཡ་རབས་སྤྱོད་བཟང་མཐོང་བར་བྱས།ཝུའུ་ཧན་མི་དམངས་ཀྱིས་རང་ཉིད་བློས་བཏང་ནས་ལེགས་སྐྱེས་ཕུལ་བ་དང་། ཝུའུ་ཧན་མི་དམངས་ཀྱིས་རྒྱུན་འཁྱོངས་འབད་བརྩོན་བྱས་པར་བརྟེན་ནས།ད་གཟོད་དེ་རིང་གི་རིམས་ནད་འགོག་སྡོམ་གྱི་དགེ་མཚན་ལྡན་ཞིང་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་འདི་བྱུང་བ་རེད།ཝུའུ་ཧན་མི་དམངས་ཀྱིས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས།ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མཚོན་པར་བྱས་པ་དང་།ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ངལ་མཉམ་སེལ་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས་ཡོད།ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་གནོང་མེད་ཅིག་དང་ཝུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་གནོང་མེད་ཅིག་ཡིན་པས།ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ནས་ཡང་བསྐྱར་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་ཡིན།ཁྱོད་ཚོས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡིད་འགུལ་ཐེབས་སུ་བཅུག་སྟེ་ཁྱོད་ཚོར་བསྟོད་བསྔགས་བྱེད་བཞིན་ཡོད།ཏང་དང་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས།ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ།མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་།རིམས་ནད་འགོག་སྡོམ་གྱི་འཐབ་ས་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་བཅོས་ལས་དོན་པ་དང་།མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།སྡོད་ཁུལ་གྱི་ལས་དོན་པ།སྤྱི་བདེ་ཉེན་རྟོག་པ།གཞི་རིམ་གྱི་ལས་བྱེད་པ།གཤམ་སྐྱོད་ལས་བྱེད་པ།དང་བླངས་པ།ད་དུང་ཕྱོགས་སོ་སོའི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས།ནད་གདོན་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་དེའི་ཁྱིམ་མི།གཞུང་དོན་དུ་རང་སྲོག་ཤོར་བའི་མི་སྣའི་ཁྱིམ་མི།ཚེ་འདས་ནད་པའི་ཁྱིམ་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་།ཐེངས་འདིའི་རིམས་ནད་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་།རང་སྲོག་བློས་བཏང་བའི་འཐབ་སའི་ལས་དོན་པ་རྣམས་ལ་མྱ་ངན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྟོག་ཞིབ་ལ་ཞུགས།

ཞི་ཅིན་ཕིང་གིས་དུས་རྒྱུན་དུ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་ཧ་ཅང་དོ་ཁུར་གནང་བཞིན་ཡོད།གནམ་གྲུ་ལས་བབས་མ་ཐགཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སུན་ཁྲུན་ལན་དང་།ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱིན་ཡུང་།ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཝུའུ་ཧན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲུང་ལིན་བཅས་ཀྱི་འགྲོ་རོགས་འོག་ཏུ།རླངས་འཁོར་ལ་བཞུགས་ནས་ནད་པ་ལྕི་མོ་གཅིག་བསྡུས་ཀྱིས་སྡུད་བཅོས་བྱེད་སའི་ཧོ་ཧྲིན་ཧྲན་སྨན་ཁང་དུ་ཕེབས།

ཧོ་ཧྲིན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ།ཞི་ཅིན་ཕིང་གིས་སྨན་ཁང་གི་འཛུགས་སྐྲུན་འཁོར་སྐྱོད་དང་།ནད་པ་སྡུད་བཅོས།སྨན་བཅོས་མི་སྣའི་འགོག་སྲུང་འགན་སྲུང་།ཚན་རིག་ཞིབ་འཇུག་འགག་གཏོར་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན།ཞི་ཅིན་ཕིང་གིས་བསྟན་དོན།རིམས་ནད་བྱུང་རྗེས།དམག་དཔུང་དང་བཅས་པའི་རྒྱ་ཆེའི་སྨན་བཅོས་ལས་དོན་པས་ལྷག་ཏུ་དཀའ་བ་སྤྱོད་ཐུབ་པ་དང་།ལྷག་ཏུ་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ།ཕྱིར་བཤོལ་གཏན་ནས་མི་བྱེད་པར་ཧུའུ་པེ་དང་ཝུའུ་ཧན་ལ་སོང་བ་དང་།སྐྲག་སྣང་སྤུ་ཙམ་ཡང་མེད་པར་འགོག་སྡོམ་སྐྱོབ་བཅོས་བྱ་བར་ཞུགས་ནས།ཉིན་མཚན་དབྱེར་མེད་དང་སྲོག་ཉེན་འཛེམས་མེད།མངགས་བཅོལ་ལྷོད་མེད།འགན་འཁྲིར་གནོང་མེད་བཅས་ཀྱི་ངང་དུས་ཚོད་དང་མགྱོགས་འགྲོས་བསྡུར་ཞིང་ནད་གདོན་དང་གཡུལ་འཐབ་བཤམས་ནས།ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་བྱ་བར་བྱས་རྗེས་གལ་ཆེན་བཞག་ཡོད།དམག་དཔུང་གི་སྨན་བཅོས་མི་སྣས་རང་རེའི་དམག་དཔུང་གི་དམིགས་བྱ་ཡིད་ལ་དམ་པོར་བཅངས་ནས་བོས་ན་ཡོང་མྱུར་བ་དང་ཡོང་ན་འཐབ་ཐུབ་པ།འཐབ་ན་རྒྱལ་ཐུབ་པ་བཅས་བྱས་ཏེ།ཏང་དར་དང་དམག་དར་ལ་བཀྲག་མདངས་བསྣན་ཡོད།ཆགས་འཇིག་གི་འགྱུར་བ་ལས་ད་གཟོད་དཔའ་བོའི་རང་གཤིས་མངོན་པ་བཞིན་དུ།ཁྱོད་ཚོས་དངོས་གནས་སྲོག་སྐྱོབ་རྨས་སྐྱོར་དང་བརྩེ་བ་མཐའ་ཡས་ཀྱི་མཛད་པ་བསྐྱངས་སོང་།ཁྱོད་ཚོ་ནི་འོད་སྣང་གི་ཕོ་ཉ་དང་རེ་སྒུག་གི་ཕོ་ཉ་ཡིན་ལ།ཆེས་མཛེས་པའི་ལྷའི་ཕོ་ཉ་དང་དོན་དམ་གྱི་དཔའ་བོ་ཡིན།ཏང་དང་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་རྒྱང་ཆོད་མཉམ་བརྟག་སྟེགས་བུ་བརྒྱུད་དེ་བརྙན་རིས་ཀྱི་ལམ་ནས་ནད་ཁུལ་དུ་བྱ་བ་སྒྲུབ་བཞིན་པའི་སྨན་བཅོས་མི་སྣའི་འཐུས་མི་ལ་བྱ་བ་དང་འགན་སྲུང་གི་གནས་ཚུལ་དྲིས།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།འཐབ་ས་རུ་ཡོད་པའི་སྨན་བཅོས་བྱ་བ་སྒྲུབ་མཁན་རྣམས་ཆེས་དཀའ་ལས་ཆེ་བ་དང་།བློ་ཡུལ་ལས་འདས་པའི་ལུས་སེམས་ཀྱི་གནོན་ཤུགས་མྱོང་བཞིན་ཡོད།བློ་མཐུན་མང་བོའི་གདོང་དང་ལག་པ་ལས་ཁྲག་བཞུར་བཞིན་པ་མཐོང་བས་སེམས་འགུལ་ཆེན་པོ་ཐེབས་སོང་།ཁྱོད་ཚོ་ནི་དུས་རབས་གསར་བའི་ཆེས་ཡིད་དུ་འོང་བའི་མི་ཡིན།ངས་ཁྱོད་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན་ཟེར།ཞི་ཅིན་ཕིང་གིས་རྒྱ་ཆེའི་སྨན་བཅོས་མི་སྣས་རང་གི་འགོག་སྲུང་ལ་ཤུགས་སྣོན་པ་དང་གོ་སྐབས་དམ་འཛིན་གྱིས་ངལ་གསོ་བ།འཐབ་རྩོད་བྱེད་ཕོད་པར་མ་ཟད་འཐབ་རྩོད་བྱེད་མཁས་པ་བཅས་བྱེད་དགོས་ལ།འབྲེལ་ཡོད་སྡེ་ཁག་གིས་འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་གི་འགན་སྲུང་དོན་འཁྱོལ་བཟང་བོ་བྱེད་པ་དང་།ཟླ་ཕོགས་ཀྱི་ཐོབ་ཆ་དང་གནས་སྐབས་རང་བཞིན་གྱི་གླ་ཕོགས་ཁ་གསབ།འཕྲོད་བསྟེན་རིམས་འགོག་ཕོགས་སྣོན་ཐོབ་ཆ་བཅས་དོན་འཁྱོལ་བཟང་བོ་བྱེད་དགོས་པ་དང་།འཐབ་སའི་སྨན་བཅོས་མི་སྣར་སེམས་ཁུར་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་མྱུར་དུ་བཏོན་ནས།ཚང་མར་དཀའ་ངལ་སེལ་རོགས་བྱས་ཏེ།ཚང་མ་བརྩོན་སེམས་ཆེན་པོས་བྱ་བའི་ཁྲོད་ཞུགས་པར་ཁག་ཐེག་བྱ་དགོས་པའི་མངགས་བཅོལ་གནང་།

ཞི་ཅིན་ཕིང་གིས་ད་དུང་བརྙན་རིས་ཀྱི་ལམ་ནས་འགོས་ཁྱབ་ཚན་ཁག་གི་ནད་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པར་ཁ་བརྡ་བྱས་ཏེ།ཁོ་ཚོའི་ནད་ཀྱི་གནས་ཚུལ་དང་སྨན་བཅོས་ཀྱི་གནས་ཚུལ་དྲིས་ལ།ཁོ་ཚོར་ཕན་ནུས་ལྡན་པའི་སྨན་བཅོས་བྱས་ཏེ་ནད་དྲག་སྐྱེད་འབྱུང་བཞིན་པའི་གནས་ཚུལ་ཤེས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས།ཞི་ཅིན་ཕིང་གིས་བསྟན་དོན།རིམས་ནད་བྱུང་རྗེས།ཏང་ཀྲུང་དབྱང་གིས་དེ་མ་ཐག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་བོར་འཇོག་རྒྱུའི་བླང་བྱ་གསལ་བོ་བཏོན་པ་དང་།ཏང་ཀྲུང་དབྱང་གིས་སྤྱད་པའི་འགོག་སྡོམ་བྱེད་ཐབས་ཡོད་ཚད་ཀྱིས་ཐོག་མར་ནུས་ཤུགས་ཅི་ཡོད་བཏོན་ནས་མང་ཚོགས་སྔར་ལས་མང་བོར་ནད་འགོ་རུ་མི་འཇུག་པར་བསམ་གཞིགས་བཏང་སྟེ།ནད་པ་སྔར་ལས་མང་བོའི་སྲོག་སྐྱོབ་ཅི་ཐུབ་བྱས་ཡོད།རྒྱལ་ཡོངས་མི་དམངས་ཀྱིས་ཁྱོད་ཚོར་སེམས་ཁུར་དང་དོ་སྣང་བྱེད་བཞིན་ཡོད།སྨན་བཅོས་མི་སྣས་རང་ནུས་ཅི་ལྕོགས་ཀྱིས་ཚང་མར་སྨན་བཅོས་བྱེད་དགོས་ལ།ཕྱོགས་སོ་སོས་ནད་འགོས་པའི་མང་ཚོགས་ལ་སེམས་ཁུར་དང་།ཁོ་ཚོའི་ཁྱིམ་མི་ལ་སེམས་ཁུར་བྱས་ཏེ།ནད་པ་རྣམས་ལ་སེམས་བདེ་མོས་སྨན་བཅོས་དང་ལེན་བྱེད་དུ་འཇུག་དགོས།ཚང་མས་རྒྱལ་ངེས་པའི་ཡིད་ཆེས་བཅངས་པ་དང་།བག་ཡངས་ཡར་བརྩོན་གྱི་རྣམ་འགྱུར་བཅངས་ནས།རང་འགུལ་གྱིས་སྨན་པའི་ཁ་ལ་ཉན་པ་དང་།སྨན་བཅོས་བྱེད་པར་གཞོགས་འདེགས་གང་ལེགས་བྱེད་དགོས་ལ།དེ་ནད་གདོན་ལས་རྒྱལ་བར་ཕན་པ་ཡོད་ཟེར།ཞི་ཅིན་ཕིང་གིས་ཁོ་ཚོ་སྔ་མོ་ནས་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུས།

སྨན་ཁང་གཞུང་སྒྲུབ་ཐོག་ཁང་ཕྱི་རོལ་གྱི་ཐང་ཆེན་ནས།ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་རང་ས་གནས་དང་དམག་དཔུང་།ས་ཆ་གཞན་པ་ནས་ཧུའུ་པེར་རོགས་སྐྱོར་དུ་ཡོང་བ་བཅས་ཀྱི་སྨན་བཅོས་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།ཞི་ཅིན་ཕིང་གིས་བསྟན་དོན།ཧུའུ་པེ་དང་ཝུའུ་ཧན་མི་དམངས་ལ་རིམས་ནད་ཀྱི་གནོད་འཚེ་ཐེབས་པའི་གནད་འགག་གི་སྐབས་སུ།རྒྱ་ཆེའི་སྨན་བཅོས་ལས་དོན་པས་བློ་བརྟན་འགྱུར་མེད་དང་བརྩོན་སེམས་ལྷོད་མེད།སྒེར་འདོར་སྐྱེལ་འབུལ་བཅས་ཀྱི་སྒོ་ནས་ལྷ་རྗེའི་བླ་མེད་དགོངས་པ་མཚོན་པར་བྱས་པ་དང་།དུས་རབས་གསར་བའི་སྨན་བཅོས་ལས་དོན་པའི་སྣང་བརྙན་བཟང་བོ་མཚོན་པར་བྱས་ཏེ།ཀྲུང་གོ་སེམས་འགུལ་ཐེབས་སུ་བཅུག་པ་དང་།འཛམ་གླིང་སེམས་འགུལ་ཐེབས་སུ་བཅུག་སོང་།ད་ལྟ་རིམས་ནད་འགོས་མཆེད་ཀྱི་གནས་བབ་ལ་ཕལ་ཆེར་བཀག་འགོག་བྱས་པ་དང་།འགོག་སྡོམ་གནས་བབ་རིམ་བཞིན་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།འདི་ནི་ཏང་ཡོངས་དང་རྒྱལ་ཡོངས།སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ།ཁྱོད་ཚོ་ནི་བྱས་རྗེས་ཆེས་ཆེན་པོ་འཇོག་མཁན་ཡིན་པས།ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་བྱས་རྗེས་དང་བོ་འགོད་ངེས།ཏང་ཀྲུང་དབྱང་དང་ཕྱོགས་སོ་སོས་སྔར་བཞིན་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་།སྔར་བཞིན་དུ་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་སྟོབས་ཤུགས་ཡོད་རྒུས་འདོན་སྤྲོད་བྱེད་པ་ཡིན་ལ།སྔར་བཞིན་དུ་ཚང་མའི་དཀའ་ཁག་སེལ་རྒྱུ་ཡིན།ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་དུས་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད་ལ།དུས་ནམ་ཡང་ཁྱོད་ཚོའི་རྒྱབ་རྩ་བརྟན་པོ་ཡིན།རིམས་ནད་འགོག་སྡོམ་འཐབ་རྩོད་གནད་འགག་གི་དུས་རིམ་དུ་སླེབས་པའི་དུས་འདིར་ཤུགས་སྒྲིམ་དགོས་པ་ལས་ལྷོད་མི་རུང་བས།ངར་ཤུགས་སྒྲིམ་ཞིང་ཨམ་གཙིགས་བསྡམས་ནས་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་དགོས་པ་དང་།བཟོད་ཐུབ་ཅིང་སྲུང་ཐུབ་པར་བྱེད་དགོས་པ་ལས།རྐང་རྗེས་ལག་བསུབ་གཏན་ནས་བྱེད་མི་རུང་།སྨན་བཅོས་མི་སྣའི་བདེ་ཐང་ནི་རིམས་ནད་ལས་རྒྱལ་བའི་འགན་སྲུང་གལ་ཆེན་ཡིན།བློ་མཐུན་མང་བོས་འདི་ནས་ཟླ་གཅིག་ལྷག་གི་རིང་ལ་འབད་འཐབ་བྱས་པས་དཀའ་ལས་དང་ངལ་དུབ་ཧ་ཅང་ཆེ།ཁྱོད་ཚོས་ངལ་གསོར་དོ་སྣང་དང་འཚོ་བཅུད་ལ་ཁག་ཐེགལུས་ཕུང་ལ་བདག་སྐྱོང་བྱེད་དགོས།འབྲེལ་ཡོད་ཕྱོགས་ཀྱིས་ཚང་མའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་དང་།འགོག་སྲུང་འགན་སྲུང་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས་ཏེ།རེས་སྐོར་དང་ངལ་གསོ་ལ་ཤུགས་བསྣན་ནས།འབད་བརྩོན་ཆེས་ཆེན་པོས་འཐབ་སའི་སྨན་བཅོས་མི་སྣའི་བདེ་ཐང་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཧོ་ཧྲིན་ཧྲན་སྨན་ཁང་དང་བྲལ་རྗེས།ཞི་ཅིན་ཕིང་ཏུའུ་ཧུའུ་མཁར་གསར་སྡོད་ཁུལ་དུ་ཕེབས་ཏེ།ཡུལ་དངོས་ནས་སྡོད་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་དང་སྡོད་ཁུལ་ཞབས་ཞུ།མང་ཚོགས་ཀྱི་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད།རིམས་ནད་བྱུང་རྗེས།སྡོད་ཁུལ་དེ་རུ་བསྡོམས་པས་ཏོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ32བྱུང་ལ།བཀག་སྡོམ་རྣམ་པའི་དོ་དམ་ཚོད་འཛིན་བྱས་པ་དང་དྲ་མིག་ཅན་གྱི་དོ་དམ་བྱས་པ་བརྒྱུད་ནས།ཟླ་ཕྱེད་ལྷག་གི་རིང་ལ་གསར་བྱུང་གི་ནད་ངོས་བཟུང་བའི་ནད་པ་བྱུང་མེད།སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས།ཁྱིམ་དུ་ལོགས་སུ་བཀར་ཡོད་པའི་སྡོད་དམངས་རྣམས་སྔ་གཞུག་ཏུ་སྒེའུ་ཁུང་མདུན་དུ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་ལག་གཡུག་བྱས་ཏེ་ཁམས་འདྲི་ཞུས་པ་དང་།ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གནང་ནས་འཚམས་འདྲི་མཛད།

སྡོད་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་བསྡུས་སྡེབས་སྐྱེལ་བྱེད་ས་ནས།ཞི་ཅིན་ཕིང་གིས་འབྲས་དང་ཕྱེ།འབྲུ་སྣུམ།སྔོ་ཚོད།ཤིང་ཏོག་སོགས་འཚོ་བའི་དངོས་ཟོག་གི་ཉོ་སྡུད་དང་མཁོ་འདོན་གནས་ཚུལ་ཞིབ་མོར་དྲིས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།སྡོད་ཁུལ་གྱི་ཉེན་དོན་ཁང་དང་འཕྲོད་བསྟེན་ཞབས་ཞུ་ས་ཚིགས།གཞིས་ལས་ལྟེ་གནས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་མཛད་རྗེས།ཞི་ཅིན་ཕིང་སྡོད་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ།སྡོད་ཁུལ་གྱིས་དྲ་མིག་ཅན་གྱི་དོ་དམ་དང་མཉམ་འགོག་མཉམ་སྡོམ།མང་འགོག་མང་བཅོས་བཅས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་།བྱ་བར་ཁས་ལེན་མཛད།

སྡོད་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ནས།ཞི་ཅིན་ཕིང་གིས་སྡོད་ཁུལ་གྱི་ལས་དོན་པ་དང་གཞི་རིམ་གྱི་ཉེན་རྟོག་པ།འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ཀྱི་སྨན་པ།གཤམ་སྐྱོད་ལས་བྱེད་པ།དང་བླངས་པ་སོགས་དང་བརྗེ་རེས་ཟབ་མོ་མཛད།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།སྡོད་ཁུལ་ནི་འགོག་སྡོམ་གྱི་འཐབ་ས་མདུན་མ་ཡིན་པའི་ཆ་ནས།ལས་འགན་ཧ་ཅང་ལྕི་མོ་ཁུར་ཡོད་པས།སྡོད་ཁུལ་གྱི་འགོག་སྡོམ་བྱ་བར་ཞུགས་པའི་བློ་མཐུན་ཚོའི་བྱ་བར་དཀའ་ལས་ཧ་ཅང་ཆེ།ཚང་མས་ཉིན་མཚན་མེད་པར་དཀའ་ངལ་ལ་མ་འཛེམས་པར་སྡུག་མྱངས་ནས་མང་ཚོགས་ལ་སེམས་ཞིབ་མོས་ཞབས་འདེགས་ཞུ་བ་དང་།རིམས་ནད་འགོས་མཆེད་འབྱུང་བར་འགོག་པ།མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་སྟེ།ཝུའུ་ཧན་གྱི་ཏང་ཡོན་དང་ལས་བྱེད་པའི་རང་སྲོག་འདོར་བར་མི་སྐྲག་པ་དང་ཁག་ཁུར་བྱེད་ཕོད་པ།ཁྱོན་ཡོངས་བསམ་པ།བྱས་རྗེས་འབུལ་འདོད་པ་བཅས་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད།རིམས་ནད་འགོག་རྒོལ་ལ་གཡུལ་ས་གཉིས་ཡོད་དེ།གཅིག་ནི་སྨན་ཁང་གི་སྲོག་སྐྱོབ་རྨས་སྐྱོར་བྱེད་པའི་གཡུལ་ས་ཡིན་ལ།ཅིག་ཤོས་ནི་སྡོད་ཁུལ་གྱི་འགོག་སྡོམ་གཡུལ་ས་ཡིན།རྒྱུན་འཁྱོངས་ལྷོད་མེད་སྒོས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་ན་གནད་འགག་ནི་སྡོད་ཁུལ་ལ་བརྟེན་དགོས།སྡོད་ཁུལ་གྱི་རིམས་ནད་འགོག་སྡོམ་ཁྲོད་ཀྱི་ནུས་པ་གལ་ཆེན་ལེགས་པར་འདོན་པ་དང་།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་ལེགས་པར་བཏོན་ནས།འགོག་སྡོམ་སྟོབས་ཤུགས་སྡོད་ཁུལ་དུ་གཤམ་སྐྱོད་བྱས་ཏེ།སྡོད་ཁུལ་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པར་ཤུགས་བསྣན་ནས།སྡོད་ཁུལ་མཐའ་དག་རིམས་ནད་འགོག་སྡོམ་གྱི་བཙན་རྫོང་བརྟན་པོར་འགྱུར་བར་བྱེད་དགོས།རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་ལས་རྒྱལ་དགོས་ན་མི་དམངས་ལ་དམ་དུ་བརྟེན་དགོས་པས།མང་ཚོགས་ཀྱི་བྱ་བ་ཟབ་མོ་དང་ཞིབ་མོར་སྒྲུབ་པ་དང་།མང་ཚོགས་སྐུལ་སློང་བྱས་ཏེ།མང་འགོག་མང་སྡོམ་གྱི་མི་དམངས་ཀྱི་འཐབ་ར་འཛུགས་དགོས།

ཡུལ་དངོས་ཀྱི་རྟོག་ཞིབ་མཇུག་རྫོགས་རྗེས།ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཚོགས་འདུ་བསྡུས་ནས།ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་ཧུའུ་པེ་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་ཡར་ཞུ་ལ་ཉན།

ཡར་ཞུར་ཉན་རྗེས།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས།ཏང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ་གཙོ་བོ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས་ལ།ཆེས་ཆ་ཚང་ཞིང་ཆེས་གཟབ་ནན་ཡིན་ལ།ཆེས་མཐའ་འཁྱོལ་བའི་འགོག་སྡོམ་བྱེད་ཐབས་སྤྱད་དེ།རིམས་ནད་འགོས་མཆེད་ཀྱི་གནས་བབ་ལ་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱས།མི་དམངས་བཅིངས་འགྲོལ་དམག་དང་།ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ།ཞིང་ལྗོངས་གྲོང་ཁྱེར་སོ་སོ་བཅས་ཀྱིས་རོགས་སྐྱོར་ཆེན་པོ་བྱས་ཏེ།རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ།འགོག་རྒོལ་དམག་འཐབ་བཤམས།དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ནས།ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་གནས་བབ་ལ་དགེ་མཚན་ལྡན་ཞིང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བྱུང་ནས།དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།གནས་བབ་བརྟན་བརླིང་དང་རྣམ་པ་ལེགས་སྒྱུར་གྱི་དམིགས་འབེན་ཐོག་མར་མངོན་འགྱུར་བྱུང་།དེང་སྐབས་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་ལས་འགན་སྔར་བཞིན་ཧ་ཅང་ལྕི་བས།རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་།འགན་ཁུར་ཕྲག་ཏུ་ལེན་པ།ཉམས་སད་ཐེག་པ་བཅས་བྱས་ཏེ།སྤྱོད་ཚུལ་སྔར་ལས་ནན་མོ་དང་བྱེད་ཐབས་སྔར་ལས་རྣལ་མར་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།སྨན་བཅོས་སྐྱོབ་བཅོས་བྱ་བ་ཨང་དང་བོར་བཞག་སྟེ།ཚན་རིག་གནད་ཕིགས་སྐྱོབ་བཅོས་ཐད་འབད་བརྩོན་བྱས་ཏེ།ཚད་ཆེས་མཐོན་པོས་དྲག་སྐྱེད་འབྱུང་ཚད་ཇེ་མཐོ་དང་ནད་པ་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས།“གཅིག་བསྡུས་བཞི”ཡི་བྱེད་ཐབས་སྔར་ལས་དོན་འཁྱོལ་བྱས་ཏེ།ཁྱད་སྟོབས་ལྡན་པའི་སྨན་བཅོས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ནད་པ་སྐྱོབ་བཅོས་བྱེད་པ་དང་།གསར་སྤེལ་དང་བདམས་གསེས་བྱས་ཟིན་པའི་ནུས་ལྡན་སྨན་རྫས་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་བྱས་ཏེ།སྐྱོབ་བཅོས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།སྨན་བཅོས་འགོག་སྡོམ་དངོས་ཟོག་གི་ཐོན་སྐྱེད་དང་མཁོ་འདོན།སྒྲིག་སྦྱོར་བཅས་ལ་ཤུགས་སྣོན་པ་དང་།སྨན་ཁང་ལས་བུད་པའི་ནད་པའི་ལུས་གསོ་སྨན་བཅོས་བྱ་བ་བཟང་བར་སྒྲུབ་དགོས།སྨན་ཞབས་སྟོབས་ཤུགས་དང་སྨན་བཅོས་ཐོན་ཁུངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས།ནད་པ་གཞན་པའི་དུས་རྒྱུན་གྱི་སྨན་བཅོས་དགོས་མཁོར་བསམ་གཞིགས་བཏང་སྟེ།རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།རིམས་ནད་འགོག་སྡོམ་གྱི་འགོག་རྒོལ་དམག་འཐབ་ལས་རྒྱལ་དགོས་ན།གཙོ་གནད་ནི“འགོག”གི་སྟེང་དུ་ཡོད།ད་ལྟ་གནད་འགག་གི་དུས་སྐབས་སུ་སླེབས་པས།ངེས་པར་དུ་ཨམ་གཙིགས་བསྡམས་ནས་རྒྱུན་འཁྱོངས་བྱེད་དགོས།མི་དམངས་མང་ཚོགས་ལ་དམ་དུ་བརྟེན་པ་དང་།མི་དམངས་མང་ཚོགས་སྐུལ་སློང་གང་ལེགས་བྱས་ཏེ།མང་ཚོགས་ཀྱི་རང་ཉིད་ཞབས་ཞུ་དང་རང་ཉིད་འགོག་སྲུང་གི་ནུས་པ་ཇེ་ཆེར་གཏོང་དགོས།ཕྱི་འགྲོ་ནང་ཡོང་གི་མི་སྣའི་དོ་དམ་ལ་ཤུགས་བསྣན་ནས།མཆེད་ནད་རིག་པའི་རྟོག་ཞིབ་བྱ་བ་ཟབ་མོར་སྤེལ་དགོས།ནང་ནས་ཕན་ཚུན་ཁྱབ་པ་འགོག་པ་དང་ཕྱི་ནས་ནང་ལ་མཆེད་པ་འགོག་པའི་འགོག་སྡོམ་ཐབས་ཇུས་སྲུང་འཛིན་བྱེད་དགོས་པ་དང་མཉམ་དུ།བདེ་ཐང་དོ་དམ་བཟང་བོར་སྒྲུབ་པ་དང་།འགག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག་ཏུ།“གནས་ནས་གནས”་དང“ཚིགས་གཅིག”རྣམ་པའི་བྱེད་ཐབས་སྤྱད་དེ།ལས་ཀ་བ་བདེ་འཇགས་ངང་ལས་གནས་སུ་ལོག་པར་གཅིག་བསྡུས་གནད་ཕིགས་ཀྱིས་སྐྱེལ་དགོས་པ་དང་།ཧུའུ་པེ་རུ་ལུས་ཡོད་པའི་ས་ཆ་གཞན་པའི་མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པར་ཕྱིར་ཕ་ཡུལ་དུ་སྐྱེལ་རོགས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།སྨན་བཅོས་སྟོབས་ཤུགས་ཞན་པའི་གྲོང་ཁྱེར་དང་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།ཆུ་ཚད་མཐོ་བའི་ཆེད་མཁས་ཚོགས་པའི་ནུས་པ་བཏོན་ནས།སྐོར་སྐྱོད་བརྟག་བཅོས་དང་རྒྱང་ཆོད་མཉམ་བརྟག་སོགས་ནུས་ལྡན་བྱེད་ཐབས་འཚོལ་ཞིབ་བྱས་ཏེ།སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྐྱོད་བྱེད་པར་ཡར་སྐུལ་བྱེད་དགོས།ཞིང་སྡེའི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་།ཞིང་སྡེའི་སྨན་བཅོས་མི་སྣ་དང་གཞི་རིམ་གྱི་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་བསྣན་ནས།དགོས་ངེས་ཀྱི་འགོག་སྲུང་དངོས་ཟོག་འདོན་སྤྲོད་བྱེད་དགོས།མང་ཚོགས་སྐུལ་སློང་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་ཆེད་དོན་བཅོས་སྐྱོང་སྤེལ་ནས།མང་ཚོགས་ལ་འཕྲོད་བསྟེན་གོམས་གཤིས་དང་འཚོ་བ་རོལ་སྟངས་ལེགས་པོ་ཆགས་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།དམངས་ཚིས་གཏན་འཇགས་ཡིན་ན་མི་སེམས་དང་སྤྱི་ཚོགས་གཏན་འཇགས་ཡིན།ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱི་མང་ཚོགས་ཚོས་རང་ཉིད་འདི་འདྲའི་དུས་ཚོད་རིང་བོ་ཞིག་ལ་ལོགས་སུ་བཀར་བས།སྡུག་ཡུས་བརྗོད་མཁན་ཡང་བྱུང་ཡོད་པར་རྒྱུས་ལོན་དང་བཟོད་སྡོམ།དཀྱེལ་ཡངས་བཅས་བྱས་ཏེ་མུ་མཐུད་དུ་ཕྱོགས་སོ་སོའི་བྱ་བར་ཤུགས་སྣོན་དགོས།མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་གཞིགས་གང་ལེགས་གཏོང་བ་དང་།ཁྲོམ་རའི་མཁོ་འདོན་གྱི་དགོས་མཁོ་དང་རིན་ཐང་གི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དམ་པོ་བྱས་ཏེ།འབྲས་དང་ཕྱེ།འབྲུ་སྣུམ།ཤ།སྒོ་ང།འོ་མ་སོགས་འཚོ་བའི་མཁོ་རྫས་ཀྱི་འདོན་སྤྲོད་ལ་འགན་སྲུང་བྱེད་དགོས།རིམས་ནད་འགོག་སྡོམ་གྱི་དབང་གིས་ཁྱིམ་དུ་ལོགས་སུ་བཀར་བའི་བདག་མེད་ལོ་ལོན་དང་།དཀའ་ངལ་ཅན་གྱི་བྱིས་པ།དཀའ་ངལ་ཆེ་བའི་མི་སྣ།དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་པར་འགན་ལེན་འགན་སྲུང་འབྲེལ་གཏུག་པ་དོན་འཁྱོལ་བྱས་ཏེ།འཚམས་འདྲི་བྱེད་པ་དང་སྐོར་རྒྱག་པར་ཤུགས་བསྣན་ནས།དུས་ལྟར་དགོས་ངེས་ཀྱི་རོགས་རམ་བྱེད་དགོས།སེམས་ཁམས་ཁྲིད་སྟོན་དང་སེམས་ཁམས་ཐེ་གཏོགས་ལ་ཤུགས་སྣོན་དགོས་པ་དང་།ལྷག་པར་དུ་ནད་པ་དང་དེའི་ཁྱིམ་མི།ཚེ་འདས་ནད་པའི་ཁྱིམ་མི་སོགས་ཀྱི་སེམས་ཁམས་ཁྲིད་སྟོན་བྱ་བར་ཤུགས་སྣོན་དགོས།གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་ནས།ཡིད་ཆེས་བསྐྱེད་པ་དང་མི་སེམས་གསོ་བ།དམངས་སེམས་སྒྲིལ་བ་བཅས་ཀྱི་གླེང་ཕྱོགས་སྣང་ཚུལ་བསྐྲུན་དགོས།ཁྲིམས་བརྟེན་འགོག་སྡོམ་རྒྱུན་འཁྱོངས་དང་སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ།རིམས་ནད་འགོག་སྡོམ་ཁྲོད་འབྱུང་སྲིད་པའི་གནད་དོན་སྣ་ཚོགས་ལུགས་མཐུན་གྱིས་ཐག་བཅད་ནས།སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ཐེངས་འདིའི་རིམས་ནད་ཀྱིས་དུས་ཡུན་ཐུང་ངུའི་ནང་ཧུའུ་པེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ན་ཟུག་བསྐྱེད་སྲིད་ནའང་།དཔལ་འབྱོར་བརྟན་བརླིང་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ངོས་ལ་གནོད་རྐྱེན་ཐེབས་མི་སྲིད་པས།འགོག་སྡོམ་ལ་ཤུགས་སྣོན་པའི་སྔོན་འགྲོའི་འོག་ཏུ།ཁྱད་པར་ཅན་གྱི་ཐབས་ཇུས་སྤྱད་དེ།ས་ཁུལ་དང་རིམ་པ་དགར་བ་དང་།རིགས་སྣ་དང་དུས་ཚོད་དགར་ནས་ཆ་རྐྱེན་ཡོད་པ་དག་ལ་ལས་ཐོན་བསྐྱར་ཚུགས་བྱེད་དུ་འཇུག་དགོས།རྒྱལ་ཁབ་ཀྱིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཞིབ་མོ་བྱས་ཏེ།ཁ་གཏད་རང་བཞིན་ལྡན་པར་ཁེ་ལས་རོགས་སྐྱོར་དང་ལས་གནས་གཏན་འཇགས།ལས་ཞུགས་རྒྱ་བསྐྱེད་སོགས་ཀྱི་བྱ་བ་སྤེལ་བ་དང་།“གཏན་འཇགས་དྲུག”གི་བྱེད་ཐབས་ལ་ཤུགས་བསྣན་ཏེ།དཔྱིད་རྨོ་ཐོན་སྐྱེད་དང་ཞིང་པ་ལས་ཞུགས་ཕོགས་སྤོར་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་བྱས་ནས།དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྣ་ཚོགས་དམ་འཛིན་ལྷོད་མེད་བྱེད་དགོས།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོས་ཧུའུ་པེ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ།ཧུའུ་པེ་ལ་དཀའ་ངལ་དངོས་དང་གནད་དོན་ཞིབ་མོ་ཐག་གཅོད་རོགས་བྱས་ཏེ།སྔ་མོ་ནས་རྒྱུན་ལྡན་གྱི་ལམ་དུ་ཕྱོགས་ཡོངས་ནས་བསྐྱོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་ནི།བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ རྒྱུགས་གཞི་ཆེན་པོ་ཞིག་ཡིན་པ་དང་། རྒྱུགས་གཞི་འདི་ལ་ཉམས་མྱོང་ཡོད་པར་མ་ཟད་བསླབ་བྱ་ཡང་ཡོད་པས།ཡུན་རིང་ལ་དམིགས་ནས་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱས་ཏེ།བཅོས་སྐྱོང་མ་ལག་གི་ཞན་ཆ་དང་མི་འདང་ས་མྱུར་དུ་ལེགས་པར་གསབ་ནས།མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད་ལམ་ལུགས་ཀྱི་འཐབ་ར་བརྟན་པོར་འཛུགས་དགོས།གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་གྲོང་གསེབ་གཞི་རིམ་བཅོས་སྐྱོང་མ་ལག་ཧུར་ཐག་གིས་འཐུས་ཚང་དུ་གཏོང་བ་དང་།“དུས་འཁོར་ཡོངས་ཀྱི་དོ་དམ”འདུ་ཤེས་བཙུགས་ནས།གྲོང་ཁྱེར་ཆེས་ཆེ་རིགས་ཀྱི་དེང་རབས་ཅན་བཅོས་སྐྱོང་གི་ལམ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ང་ཚོའི་ཏང་ནི་ནང་རྩོད་ཕྱི་འཁྲུག་གི་ཁྲོད་ནས་དབུ་བརྙེས་པ་དང་།གོད་ཆག་བར་ཆད་ཁྲོད་ནས་འཚར་ལོངས་བྱུང་ཞིང་།མཁྲེགས་གཏོར་ངལ་སེལ་ཁྲོད་ནས་དར་རྒྱས་བྱུང་བ་ཡིན།འཐབ་རྩོད་བྱེད་ཕོད་པ་དང་རྣམ་པར་རྒྱལ་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་མངོན་པར་གསལ་བའི་ཆབ་སྲིད་རང་གཤིས་ཡིན་ལ།ང་ཚོའི་ཆབ་སྲིད་ཁྱད་སྟོབས་ཀྱང་ཡིན།རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།འགན་འཁྲི་ཁུར་བ་དང་ཉམས་སད་ཐེག་སྟེ།རྒྱུགས་གཞི་ཆེན་པོ་འདིའི་ཁྲོད་དུ་འགན་ལེན་ཁག་ཁུར་གྱི་སྤོབས་པ་དང་ཚན་རིག་བཀག་སྡོམ་གྱི་བློ་གྲོས།གཅིག་གྱུར་གཅིག་འདོམས་ཀྱི་ཐབས་ཇུས།རྩ་འཛུགས་ལག་བསྟར་གྱི་ནུས་པ་བཅས་སྦྱང་སྟེ།རང་ས་སྲུང་བའི་འགན་ཁུར་ཡོད་པ་དང་རང་ས་སྲུང་བའི་ཐབས་ལ་མཁས་པར་བྱེད་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་འཁྱོལ་བྱས་ཏེ།གཞི་རིམ་གྱི་ལས་བྱེད་པ་རྣམས་སེམས་ཤུགས་སྔར་ལས་ཆེན་པོས་རིམས་ནད་འགོག་སྡོམ་གྱི་འཐབ་སར་ཞུགས་སུ་འཇུག་དགོས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཉེན་ཁའི་དུས་སུ་འཛེམ་བག་མེད་པར་སྤོབས་པ་ཆེན་པོས་འབད་འཐབ་བྱེད་པ་དང་།དམག་འཐབ་ཆེན་མོའི་ཁྲོད་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ནས།རྒྱུགས་གཞི་ཆེན་མོའི་ཁྲོད་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་པར་སྐུལ་མ་གཏོང་དགོས།

ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་བསྡུས།ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བཅུ་གསུམ་དང་ཞིང་ཆེན་ཐད་གཏོགས་རྫོང་རིམ་པའི་སྲིད་འཛིན་ལས་ཁུངས་བཞི་ནས་ཡན་ལག་ཚོགས་ར་བཙུགས།ས་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་།འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ།ཧུའུ་པེའི་གྲོང་ཁྱེར་དང་ཁུལ་སོ་སོར་རོགས་སྐྱོར་དུ་ཡོང་བའི་ས་ཆ་གཞན་པའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པ་བཅས་ཚོགས་འདུར་ཞུགས།

ཏེན་ཞུའེ་ཞང་དང་ཀྲང་ཡུག་ཞ།ད་དུང་དམག་དཔུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

འདི་ནི་ཡུལ་དངོས་ཀྱི་རྟོག་ཞིབ་མཇུག་རྫོགས་རྗེས།ཞི་ཅིན་ཕིང་གིས་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་།ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྡོམ་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲིན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ་བརྙན་རིས་ཀྱི་ལམ་ནས་ནད་པ་དང་སྨན་བཅོས་མི་སྣར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཏུང་ཧུའུ་མཁར་གསར་སྡོད་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ།སྡོད་ཁུལ་གྱི་ལས་དོན་པ་དང་གཞི་རིམ་གྱི་ཉེན་རྟོག་པ།འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ཀྱི་སྨན་པ།གཤམ་སྐྱོད་ལས་བྱེད་པ།དང་བླངས་པ་སོགས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

  • 顶 0