ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་པ།

2019-11-05
0

1125192025_15728831027751n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཚེས་4ཉིན་གྱི་དགོང་མོར་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།

འབྲས་ལྡན་སྟོན་གྱི་དུས་ཚིགས་འདིར། ལེ་དབར་བཅུའི་ཕུའུ་ཅང་གཙང་པོའི་འགྲམ་ངོགས་གཉིས་སུ། ཀྲོང་ངེར་འགྱིང་བའི་ཐོག་རྩེག་དང་འོད་མདངས་འཚེར་བའི་གློག་སྒྲོན་གྱིས་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་མངོན་ཡོད། ལོ་ངོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་ཞི་བདེ་གསོལ་མགྲོན་ཁང་དང་ལོ་ངོ30ཡང་མ་སོང་བའི་ལུའུ་ཅ་ཙུའེ་དངུལ་རྩའི་ལྟེ་གནས་ཀྱིས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་ས་གནས་འདིའི་འཕེལ་རྒྱས་དང་ཀྲུང་གོའི་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུ་ལ་བདེན་དཔང་བྱས་ཡོད།

1125192025_15728831027771n.jpg

ཟླ་11ཚེས་4ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད། འདི་ནི་གསོལ་སྟོན་མ་འཚོག་གོང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་བཟའ་ཟླ་དང་། ཡ་མའེ་ཅ་ཙུང་ལི་ཧོར་ཉི་སི་བཟའ་ཟླ་གཉིས། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་བཟའ་ཟླ་གཉིས། སའེ་ཨར་བེ་ཡ་ཙུང་ལི་པའོ་ཨར་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

དགོང་མོའི་ཆུ་ཚོད་6ཐོག་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་བཟའ་ཟླ་དང་། ཡ་མའེ་ཅ་ཙུང་ལི་ཧོར་ཉི་སི་བཟའ་ཟླ་གཉིས། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་བཟའ་ཟླ་གཉིས། སའེ་ཨར་བེ་ཡ་ཙུང་ལི་པའོ་ཨར་ན་པིས་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁོང་ཚོ་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

དགོང་དྲོའི་ཆུ་ཚོད་བདུན་པར་གསོལ་སྟོན་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་ཤིས་ཚིག་ཁྲོད་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཉེ་རབས་ནས་བཟུང་ཧྲང་ཧའེ་ལ“མཚོ་དང་གཙང་བོའི་འབྲེལ་མཐུད་ཟམ་པ་དང་། ཤར་ལྷོ་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར”ཞེས་པའི་མཚན་བཟང་ཐོབ་ནས་ཀྲུང་གོའི་སྒོ་དབྱེའི་དར་སྲོལ་ལ་སྣེ་ཁྲིད་བྱས་པས་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་དེ་བས་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་རིང་ཀྲུང་གོར་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོར་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་ང་ཚོར་འཛམ་གླིང་ཞི་བདེ་བྱུང་ན་ཀྲུང་གོར་གཞི་ནས་ཞི་བདེ་འབྱུང་བ་དང་། ཀྲུང་གོ་འཕེལ་རྒྱས་བྱུང་ན་འཛམ་གླིང་ལ་དེ་བས་འཕེལ་རྒྱས་བྱུང་བའི་ངེས་ཤེས་སྐྱེས་ཡོད་ཞེས་གསུངས་བ་རེད།

1125192025_15728831027791n.jpg

ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་དུས་ཐུང་ནང་མེད་པ་ནས་ཡོད་པའི་བར་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཁེ་ལས་རྒྱ་ཁྱབ་ངང་ཞུགས་པར་ཚུར་འགུགས་བྱས་ཏེ་འཛམ་གླིང་གི་ཚོང་དོན་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་ཞིག་དང་དུས་རབས་གསར་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་དང་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ནི་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་གཏོད་པ་བཅས་ལ་དམིགས་པ་ཡིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཉོ་ཚོང་བྱེད་པ་ནི་ཚོང་ཟོག་དང་ཞབས་ཞུ་ཡིན་པ་དང་། སྤེལ་རེས་བྱ་ཡུལ་ནི་རིག་གནས་དང་འདུ་ཤེས་ཡིན། སྣེ་ལེན་ཞུ་ས་ནི་གླིང་ཆེན་ལྔའི་མགྲོན་པོ་ཡིན་ལ། དམིགས་ས་གཙོ་བོ་ནི་རྒྱལ་ཁབ་ཚང་མའི་ཁེ་ཕན་ཡིན། དེ་ལས་ལྷག་པ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅིངས་བའི་འདོད་བློར་བསྟུན་པ་ཡིན།

གསོལ་སྟོན་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་ནས་སྤེལ་བ་རེད། ཚང་མས་མཉམ་དུ་ཆང་ཕོར་བཏེགས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ལེགས་འགྲུབ་ཡོང་བར་སྨོན་འདུན་ཞུ་བ་དང་རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཝང་དབྱི། ཀྲའོ་ཁེ་ཀྲི། ཧི་ལི་ཧྥིན་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

  • 顶 0