སྤྱི་ལོ༢༠༢༢ལོའི་པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་སྐྱོན་མི་སྣའི་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་ཧན་ཀྲེང་ཚོགས་འདུར་ཞུ

2019-09-19
0

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༧ཉིན། སྤྱི་ལོ་༢༠༢༢ལོའི་པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་སྐྱོན་མི་སྣའི་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་ཧྲའུ་ཀང་གླིང་ཁུལ་རྒྱལ་ཁབ་དགུན་དུས་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་འཁྱག་རྩེད་སྤོ་ལོ་ཁང་དུ་གཟབ་རྒྱས་ངང་གཉེར་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་༢༤པའི་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལས་དོན་སྣེ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་ཚོགས་འདུར་ཞུགས་པ་མ་ཟད། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་པིང་ཏུན་ཏུན་ཁྱབ་བསྒྲགས་གནང་ཡོད།

སྤྱི་ཚེས་༡༧ཉིན་གྱི་དགོང་མོ། རྒྱལ་ཁབ་དགུན་དུས་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་འཁྱག་རྩེད་སྤོ་ལོ་ཁང་ནང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། དགོང་མོའི་ཆུ་ཚོད་༧དང་སྐར་མ་༢༥ཙམ་ལ། ཧན་ཀྲེང་དང་རྒྱལ་སྤྱིའི་ཨའོ་ལིན་ཕིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཐོ་མ་སི་པ་ཧེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་ཨུད་ཀྱི་ལག་བསྟར་ཀྲུའུ་ཞི་ཀའུ་ཀྲུང་ཝེན། དེ་བཞིན་ལུས་རྩལ་པ་དང་གངས་འཁྱག་ལུས་རྩལ་གྱི་གཞོན་ནུ་ལོ་ཆུང་འཐུས་མི་བཅས་ཀྱིས་སྒྲིག་ཆས་ཀྱི་ཁ་ཕྱེ་ནས། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་པིང་ཏུན་ཏུན་འགྲེམ་སྟོན་གནང་ཡོད།

པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་པིང་ཏུན་ཏུན་ནི་དོམ་ཁྲ་མ་དཔེར་བྱས་ནས་ཇུས་འགོད་གསར་བཟོ་བྱས་པ་ཞིག་ཡིན་ཞིང་། འཁྱག་པས་དྭངས་གཙང་ལྷད་མེད་དང་བློ་བརྟན་འགྱུར་མེད་མཚོན་པ་དང་། དེས་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཁྱད་ཆོས་མངོན་ཡོད། ཏུན་ཏུན་ཞེས་པས་གཞུང་དྲང་དང་། བདེ་ཐང་། གྲུང་ཤ་དོད་པ། གཅེས་སུ་རུང་བ་བཅས་མཚོན་པས་དོམ་ཁྲའི་གཟུགས་བརྙན་ཧྲིལ་པོ་དང་ཡོངས་སུ་མཐུན་ནས། དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བ་ཚོའི་སྟོབས་ཆེ་བའི་གཟུགས་བོང་དང་། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས། མི་སེམས་འགུལ་བའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་བཅས་མཚོན་གྱི་ཡོད་པ་རེད།

དེ་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་དང་། ཧོ་པེ་ཞིང་ཆེན་གྱི་འགོ་འཛིན། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་ཨུད་ཀྱི་ལག་བསྟར་ཀྲུའུ་ཞི་ཞུས་ཆིན། ཀྲུང་གོ་དབང་སྐྱོན་མནའ་འབྲེལ་གྱི་ཀྲུའུ་ཞི། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲང་ཧའེ་ཏི། དེ་བཞིན་དབང་སྐྱོན་མི་སྣའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་དང་གངས་འཁྱག་ལུས་རྩལ་རྣམ་གྲངས་ཀྱི་གཞོན་ནུའི་འཐུས་མི་བཅས་ཀྱིས་པེ་ཅིང་དགུན་དུས་དབང་སྐྱོན་མི་སྣའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་ཞོལ་རུང་རུང་ཁྱབ་བསྒྲགས་གནང་ཡོད།

པེ་ཅིང་དགུན་དུས་དབང་སྐྱོན་མི་སྣའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲིས་གཡང་རྟེན་ཞོལ་རུང་རུང་ནི། ལྒང་ཞུ་མ་དཔེར་བྱས་ནས་ཇུས་འགོད་དང་གསར་བཟོ་གནང་བ་ཞིག་རེད། གངས་ཀྱིས་དྭངས་གཙང་ལྷད་མེད་དང་མཛེས་སྡུག་མཚོན་ནས་གངས་འཁྱགས་ལུས་རྩལ་གྱི་ཁྱད་ཆོས་མངོན་ཏེ་འཛམ་གླིང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས། ཞི་མཐུན་གོང་འཕེལ་གྱི་འདུ་ཤེས་བཅས་ལེགས་པར་མངོན་པ་དང་། ལྒང་ཞུ་ཡིས་ལོ་ལེགས་དང་། དགའ་སྟོན། དྲོ་སྐྱིད། འོད་སྣང་བཅས་མཚོན་ཞིང་། དེའི་ཐོག་ནས་དགུན་དུས་དབང་སྐྱོན་མི་སྣའི་ཨའོ་ལིན་ཕིག་ལུས་རྩལ་པའི་འབད་འཐབ་སྙིང་སྟོབས་དང་འཛམ་གླིང་ལ་སྐུལ་མ་གཏོང་བའི་དགུན་དུས་དབང་སྐྱོན་མི་སྣའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འདུ་ཤེས་མངོན་ཡོད་པ་རེད།

ཁྱབ་བསྒྲགས་ཚོགས་འདུའི་ཐོག པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི། པེ་ཅིང་དགུན་དུས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་གྲེན་ཅི་ཉིང་དང་པ་ཧེས་ཁག་སོ་སོར་ཤིས་ཚིག་སྒྲོན་པ་མ་ཟད། རྒྱལ་སྤྱིའི་དབང་སྐྱོན་མི་སྣའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨན་ཏེ་ལུ ཕ་སེན་སིས་ཕུལ་བའི་བརྙན་མཐོང་ཤིས་ཚིག་བཏང་ཡོད་པ་རེད།

  • 顶 0