རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་ནས་གྲོལ།

2019-08-27
0

1.jpg

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གསར་དུ་བཟོ་བཅོས་བྱས་པའི་སྨན་རྫས་དོ་དམ་བཅའ་ཁྲིམས་དང་། ས་ཞིང་དོ་དམ་བཅའ་ཁྲིམས་དང་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་ཁེལ། ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་རི་ལན་ཁ་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་རྩིས་སྤྲོད་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གཏན་ཁེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་རྩིས་སྤྲོད་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གཏན་ཁེལ་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་ཇུས་གཞི་གཞན་པར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

འབྲེལ་ཡོད་བརྡས་གཅོད་བྱ་བ་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཐད་ནས། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ཀྱི་སློབ་སྦྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། བཅའ་ཁྲིམས་ཀྱི་གཏན་ཁེལ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ཐད་འགན་སྲུང་བྱེད་དགོས། ཚོགས་ཐོག་ནས་ས་ཞིང་དོ་དམ་བཅའ་ཁྲིམས་དང་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བཅའ་ཁྲིམས་ལ་གཅིག་གྱུར་བཟོ་བཅོས་བྱས་པ་དང་། ཞིང་སྡེའི་ས་ཞིང་བསྡུ་རུབ་དང་ཁང་སའི་ལམ་ལུགས་བཅོས་བསྒྱུར་སོགས་ཀྱི་ཚོད་ལྟའི་ཉམས་མྱོང་བཅའ་ཁྲིམས་ལམ་ལུགས་སུ་བསྒྱུར་ལ། དེ་ཞིང་བར་རྒྱུ་ནོར་དབང་ཆ་མང་པོ་སྟེར་བ་དང་ཞིང་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཚོགས་ཐོག་ནས་གྲོས་ཞིབ་བྱས་ནས་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། དེས་ཁྲལ་བསྡུ་བྱེད་ཐབས་སྤྱད་དེ་ཐོན་ཁུངས་ལེགས་ཞིབ་སྒོས་བེད་སྤྱོད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པར་ཕན་པ་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་ད་ལོའི་འཆར་འགོད་ལག་བསྟར་གནས་ཚུལ་དང་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་གཉིས་ལ་ཉན་པ་དང་གྲོས་ཞིབ་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མཐའ་གཅིག་ཏུ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་དང་མཐུན་པའི་དབྱེ་འབྱེད་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་ནས། སྲིད་ཇུས་སྣ་ཚོགས་མྱུར་དུ་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། ལོ་འགོར་གཏན་ཁེལ་བྱས་པའི་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་ཚུལ་བསྟན། ཚོགས་ཐོག་ནས་སློབ་སྔོན་སློབ་གསོའི་ལས་དོན་བཅོས་བསྒྱུར་དང་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་ལ། ཚང་མས་རིམ་པ་སོ་སོའི་སྲིད་ཞུང་གིས་སློབ་སྔོན་སློབ་གསོ་བཟང་བོར་བསྒྲུབ་པ་དང་བྱིས་པ་ཚོའི་སློབ་སྔོན་སློབ་གསོ་མྱོང་ཐུབ་པར་བྱེད་རྒྱུ་དེ་དམངས་ཚིས་དོན་དག་གལ་ཆེན་དུ་བརྩིས་ནས། གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ནོར་སྲིད་ཀྱི་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། གཞུང་བཙུགས་དང་སྒེར་བཙུགས་གཉིས་ཀར་མཐོང་ཆེན་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱི་བྱིས་གཉོར་ཁང་བསྒྲུབ་པར་སྣེ་ཁྲིད་བྱེད་པ། བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྔོན་སློབ་གསོའི་ཐོན་ཁུངས་མཁོ་འདོན་བྱེད་ཚད་ཇེ་མང་དུ་བཏང་སྟེ། སློབ་སྔོན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་ཀུན་ལ་ཕན་པར་བྱེད་པ། བདེ་འཇགས་ཡིན་པ། སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཟེར།

གྲོས་ཚོགས་གྲོས་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་སྐབས་བཅུ་གསུམ་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད།

  • 顶 0