ཞི་ཅིན་ཕིང་གིས་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་དང་གྲོས་མོལ་མཛད།

2019-07-17
0

ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུ་གཏན་འཁེལ་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། པུར་ཀ་རི་ཡ་ནི་ཆེས་སྔ་མོར་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་ལ་སྲོལ་རྒྱུན་མཛའ་མཐུན་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུ་འགོ་རྩོམ་ས་གསར་བར་བརྩིས་སྟེ། ལག་རྡང་མཉམ་འབྲེལ་གྱི་སྒོ་ནས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་འཇལ་ནས། ཀྲུང་གོ་དང་པུར་ཀ་རི་ཡའི་མཛའ་མཐུན་འབྲེལ་བར་ནང་དོན་གསར་བ་ཁ་སྣོན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྒུལ་ནུས་གསར་བ་འདོན་སྤྲོད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་པ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་སོགས་ཕྱོགས་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། ཕན་ཚུན་ལ་འབྲེལ་བ་ཡོད་པའི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་གྱི་སྟེང་ནས་མུ་མཐུད་དུ་ཕྱོགས་གཉིས་བར་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། རྒྱལ་ཁབ་གཉིས་ལ་མཚོན་ན་རྒྱལ་སྤྱིའི་གནས་བབ་ཀྱི་ཐད་ནས་གཅིག་མཚུངས་ཀྱི་ལྟ་ཚུལ་ཡོད་ལ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས། པུར་ཀ་རི་ཡ་ནི་ཆེས་སྔ་མོར་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་སྲིད་གཞུང་བར་གྱི་མཉམ་ལས་ཡིག་ཆ་བཀོད་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་དང་ཕྱོགས་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཕན་ཚུན་བར་གྱི་ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་ནས་མི་གཞུང་བརྗེ་རེས་ཇེ་དམ་དང་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་དུ་གཏོང་འདོད་ཡོད་ཟེར།

ལ་ཏི་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡ་དང་ཀྲུང་གོའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ནས་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་བཏང་བ་དེས། མ་འོངས་པ་ན་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་ཐུབ་ཟེར།

གྲོས་མོལ་གྱི་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཕྱི་རོལ་ཐང་ཆེན་དུ་ལ་ཏི་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཕུན་ལིས་ཡོན་དང་དབྱང་ཅེ་ཁྲི། ཏིན་ཀྲུང་ལིས། ཝང་དབྱི། ཀྲང་ཆིན་ལིས། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

  • 顶 0