ཨུ་རུ་སི་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཁཱའི་གནད་དོན་ཐད་ནས་གྲོས་མོལ་བྱས།

2021-02-20
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་ཨེ་ཝ་ཅང་གཉིས་ཀྱིས་མའོ་སི་ཁི་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་ཐད་གྲོས་མོལ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཝ་ཅང་གིས་ཚེས་བཅུ་བདུན་ཉིན་གདན་ཞུས་ལྟར་ཨུ་རུ་སིར་དུས་ཡུན་ཐུང་ངུའི་བྱ་བའི་འཚམས་འདྲི་བྱས་ཏེ་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་ཕྱོགས་གསུམ་གྱིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་དང་ད་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་བཀོད་པའི་འབྲེལ་ཡོད་གྲོས་མཐུན་ལག་བསྟར་བྱེད་པའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས་པར་མ་ཟད། གཙོ་བོ་བཟུང་དམག་བརྗེ་སྤོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། ནཱ་ཁཱ་ས་ཁུལ་གྱི་འགྲིམ་འགྲུལ་བཀག་སྡོམ་མེད་པར་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཏེ། རྒྱལ་ཁབ་གསུམ་གྱི་ཙུང་ལི་གཞོན་པས་མཉམ་དུ་མགོ་ཁྲིད་བྱས་པའི་ཕྱོགས་གསུམ་གྱི་བྱ་བའི་ཚན་ཆུང་བརྒྱུད་དེ་འབྲེལ་ཡོད་བྱ་བ་སྤེལ་རྒྱུའི་ཚུལ་བསྟན། 

གཞན་ཡང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ད་རུང་ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་པཱ་དབྱེ་ལཱ་མའོ་ཧྥུའུ་དང་ཁ་པར་གྲོས་མོལ་བྱས་པ་དང་། ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་ཕྱོགས་གསུམ་གྱིས་ད་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་བཀོད་པའི་འབྲེལ་ཡོད་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་བསྡུར་བྱས། 

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མའོ་སི་ཁི་ནས་གྲོས་མོལ་བྱས་ཤིང་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཏོན་པའི་རྒྱལ་ཁབ་གསུམ་གྱི་ཙུང་ལི་གཞོན་པས་མཉམ་དུ་མགོ་ཁྲིད་པའི་ཕྱོགས་གསུམ་གྱི་བྱ་བའི་ཚན་ཆུང་འཛུགས་པའི་འཆར་གཞི་ལ་རྒྱབ་སྐྱོར་བྱས་པ་དང་། ནཱ་ཁཱ་ས་ཁུལ་གྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་རྒྱུར་ཡིད་འཐད་བྱུང་། །


  • 顶 0