ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་ནས་མི་ཉེར་བཞི་བསྐྱབས།

2021-02-20
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་གྱི་ནམ་གུང་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ཧཱ་ཁི་ཐཱ་ཧྲི་ས་ཁུལ་གྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་སར་འགུལ་སྐྱོད་སྤེལ་བ་དང་། སྦས་སྐོང་བྱེད་ས་དེ་ནས་མི་ཉེར་བཞི་བསྐྱབས་ཡོད་ཟེར། 

ཧཱ་ཁི་ཐཱ་ཧྲི་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཨོ་མཱ་ཨར་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགུལ་སྐྱོད་སྤེལ་སྐབས་འཁྲུག་རྩོད་མ་བྱུང་བ་དང་། ཨ་ཧྥུའུ་ཧན་དམག་མི་དག་སྦས་སྐོང་བྱེད་སར་མ་འབྱོར་གོང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དག་བྲོས་བྱོལ་བྱས་པ་རེད། སྲོག་བསྐྱབས་པའི་མི་སྣའི་ཁྲོད་དུ་དམག་མི་དང་ཉེན་རྟོག་པ། མི་སེར་དཀྱུས་མ་བཅས་འཐུས། ཁོ་ཚོ་དམག་སྒར་ཞིག་ཏུ་བསྐྱལ་ནས་གསོ་རིག་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་དང་། ཚེས་བཅོ་བརྒྱད་ཉིན་ཁྱིམ་མི་དང་ལྷན་འཛོམས་བྱེད་ཐུབ་ངེས་རེད། 

ཐཱ་ལེ་པན་གྱིས་ད་ལྟའི་བར་ཐེངས་འདིའི་འགུལ་སྐྱོད་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད། །


  • 顶 0