ཐེ་རོན་ཕུས་རིམས་ནད་ཐོན་རིང་ཐེངས་དང་པོར་ཁ་རས་བརྒྱབ་པ།

2020-07-14
0

༄༅༎ཐེ་རོན་ཕུས་རིམས་ནད་ཐོན་རིང་ཐེངས་དང་པོར་ཁ་རས་བརྒྱབ་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་མའེ་རེ་ལན་དྷི་མངའ་སྡེ་ཝོར་ཐེ་ལི་ཏེ་རྒྱལ་ཁབ་དམག་དོན་སྨན་བཅོས་ལྟེ་གནས་ལ་ལྟ་སྐོར་བྱེད་སྐབས། རིམས་ནད་ཐོན་རིང་ཐེངས་དང་པོར་ཡོངས་བསྒྲགས་སུ་ཁ་རས་བརྒྱབ་པ་རེད།     ཐེ་རོན་ཕུས་ཉིན་དེར་དམག་དོན་སྨན་བཅོས་ལྟེ་གནས་དེར་ལྟ་སྐོར་བྱེད་སྐབས། ཙུང་ཐུང་གི་རྟགས་མ་དཔར་ཡོད་པའི་ཁ་རས་སྔོ་ནག་ཅིག་བརྒྱབ་ཡོད། ལྟ་སྐོར་ལ་མ་བསྐྱོད་གོང་། ཐེ་རོན་ཕུས་ཕོ་བྲང་དཀར་པོ་རུ་སྨྱན་སྦྱོར་ལ“ངས་ ཁ་རས་རྒྱག་པར་གཏན་ནས་ངོ་རྒོལ་བྱས་མ་མྱོང་། འོན་ཀྱང་ངས་བསམས་ན་ཁ་རས་རྒྱག་པར་དུས་ཚོད་དང་ས་གནས་ལ་ལྟ་དགོས”ཞེས་བཤད་པ་རེད།     ད་ལོའི་ཟླ་3པར་ཏོག་གསར་རིམས་ནད་ཨ་རིར་ཕྱོགས་ཡོངས་ནས་མཆེད་པ་ནས་བཟུང་། ཐེ་རོན་ཕུས་མི་མང་ཚོགས་སར་ཁ་རས་རྒྱག་རྒྱུ་དང་ལེན་བྱས་མེད། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་ཟླ་5པའི་ཟླ་སྨད་དུ་སྨི་ཞེ་ཀེན་མངའ་སྡེའི་ཧྥུ་ཐེ་རླངས་འཁོར་བཟོ་གྲྭ་ཞིག་ལ་ལྟ་ཞིབ་བྱེད་སྐབས། ཀུང་སིས་སྔོན་ནས་ཕོ་བྲང་དཀར་པོར་བཟོ་གྲྭར་ཁ་རས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ཡོད་ཚུལ་དྲན་སྐུལ་བྱས་མོད། འོན་ཀྱང་ཐེ་རོན་ཕུས་ལྟ་ཞིབ་བྱེད་འགོ་ཚུགས་སྐབས་ཀྱི་བྱེད་སྒོའི་ཁོ་ནའི་ཁྲོད་མ་གཏོགས་ཁ་རས་བརྒྱབ་མེད་པ་མ་ཟད། ཁོས“ངས་སྨྱན་སྦྱོར་ལ་མཐོང་དུ་འཇུག་མི་འདོད”ཅེས་བརྗོད་དེ་གསར་འགོད་པར་པར་ལེན་དུ་བཅུག་མེད།     ཟླ་6པའི་ཟླ་སྨད་ནས་བཟུང་། ཨ་རིའི་རིམས་ནད་སྔར་ལས་ཚབས་ཆེ་རུ་འགྲོ་བ་དང་བསྟུན་ནས། དམངས་གཙོ་ཏང་དང་། སྤྱི་མཐུན་ཏང་གཉིས་ནས་ཡོང་བའི་སྲིད་དོན་མི་སྣ་གལ་ཆེན་མང་པོས་ཐེ་རོན་ཕུས་རང་དཔེ་གཞན་སྟོན་བྱས་ནས་ཨ་རིའི་མང་ཚོགས་ལ་ཁ་རས་རྒྱག་པ་དེ་ཏོག་གསར་ནད་དུག་མཆེད་རྒྱུ་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་རྟོགས་སུ་འཇུག་དགོས་པ་སྐུལ་ལྕག་བྱས་པ་རེད། ཨ་རིའི་སྤྱི་པའི་འཕྲོད་བསྟེན་ཆེད་མཁས་མང་པོས་ཀྱང་ཁ་རས་རྒྱག་པ་ནི་ཏོག་གསར་ནད་དུག་མཆེད་པར་སྔོན་འགོག་བྱེད་པའི་གནད་འགག་ཅིག་ཡིན་པ་བརྗོད་པ་རེད།     འོན་ཀྱང་ཕོ་བྲང་དཀར་པོས་ཨ་རི་ཡོངས་ཀྱི་དམངས་ཚོགས་ལ་རིམས་ནད་ཐོན་རིང་མི་མང་འདུ་འཛོམས་བྱ་ཡུལ་དུ་བཙན་ཤེད་ཀྱིས་ཁ་རས་རྒྱག་དགོས་པའི་བླང་བྱ་འདོན་རྒྱུ་དང་ལེན་བྱས་མེད། ཨ་རིའི་རྒྱལ་ཡོངས་སྤྱི་པའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཚེས་11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིར་མངའ་སྡེ་20ལྷག་ཙམ་གྱིས་མང་ཚོགས་ལ་སྤྱི་པའི་འདུ་འཛོམ་བྱ་ཡུལ་དུ་ཁ་རས་རྒྱག་དགོས་པའི་བླང་བྱ་བཏོན་མོད། འོན་ཀྱང་རིམས་ནད་ཚབས་ཆེ་བའི་ཨ་རོའེ་སང་ན་དང་ཧྥོ་ལུའོ་ལི་དྷི་སོགས་མངའ་སྡེས་སྔར་བཞིན་བཀའ་རྒྱ་དེ་རིགས་ཁྱབ་བསྒྲགས་བྱས་མེད།     ཨ་རིའི་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་11ཉིན་གྱི་ས་སྲོད་བར་དུ། ཨ་རིར་ཏོག་གསར་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་རིམ་རྩིས་བྱས་ན་ཁྲི་324ལས་བརྒལ་བ་དང་། ཚེ་འདས་ནད་དཔེ་ཁྲི་13.4ལས་བརྒལ་ཡོད་པ་རེད།

  • 顶 0