མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་གྲོས་ཆོད་བཀོད་དེ་ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཡིན་པའི་སྐྱེས་པར་དྲག་ཤུགས་ཁྲིམས་སྤྱོད་ཐེབས་ནས་ཚེ་སྲོག་འཕྲོག་པར་རྒོལ་གཏམ་དྲག་པོ་བཏང་།

2020-06-22
0

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གིས་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་ཚོགས་བསྡུས།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་ཁ་མཚུངས་གྲོས་འགྲིག་བྱུང་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཡིན་པའི་སྐྱེས་པ་ཧྥོ་ལོ་དབྱེ་ཏི་ལ་ཉེན་རྟོག་པས་དྲག་ཤུགས་སྤྱད་དེ་ཚེ་སྲོག་འཕྲོག་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དོན་དངོས་བྱེད་ཐབས་སྤྱད་དེ་ཨ་ཧྥེ་རི་ཁ་གླིང་གི་མི་དང་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཀྱི་འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསར་དུ་གྲོས་འཆམ་བྱུང་བའི་གྲོས་ཆོད་དེ་ནི་པུ་ཁི་ནཱ་ཧྥ་སོ་སོགས་རྒྱལ་ཁབ་ཀྱིས་བཏོན་པ་དང་། ཁ་ཡིག་ལ་ཁྲིམས་འཛིན་མི་སྣས་ཚད་བརྒལ་དྲག་ཤུགས་སྤྱད་ནས་མི་གཞན་པའི་འགྲོ་མིའི་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་སྔོན་འགོག་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་མི་དང་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཀྱི་འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཟེར།

གྲོས་ཆོད་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཧྥོ་ལོ་དབྱེ་ཏིའི་སྲོག་འཕྲོག་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བའི་ཞོར་དུ། དོན་རྐྱེན་དེ་ལས་མངོན་པའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་མི་དང་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ལ་དམིགས་པའི་མཐོང་ཆུང་དང་དྲག་ཤུགས་བྱ་སྤྱོད་མུ་མཐུད་དུ་སྤེལ་བར་རྒོལ་གཏམ་བཏང་།

གྲོས་ཆོད་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཤུགས་དང་རིགས་རྒྱུད་འཁོན་འཛིན། འཁོན་འཛིན་གྱི་གཏམ་སྤྱོད། འཁོན་འཛིན་གྱི་ནག་ཉེས། ནཱ་ཚོས་རིང་ལུགས་གསར་བ་སོགས་རིགས་རྒྱུད་དང་མི་རིགས་ཀྱི་ཕྱོགས་ཞེན་ལ་གཞི་བཅོལ་བའི་དྲག་ཤུགས་བསམ་བློ་མགོ་འབུས་འབྱུང་བཞིན་པར་ཧ་ལས་ཡོད་པ་དང་། འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ཀྱིས་ཞི་བདེའི་ཁྲོམ་སྐོར་མཁན་ལ་དྲག་ཤུགས་སྤྱད་པར་ཡིད་སྐྱོ་བའི་ཚུལ་བསྟན།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་ཆེད་དོན་པས་གང་མགྱོགས་སྒོས་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་དང་ཁྲིམས་འཛིན་ལས་ཁུངས་ཀྱི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་སྐོར་གྱི་སྙན་ཞུ་ཞིག་སྒྲིག་དགོས་པ་དང་། འབྲེལ་ཡོད་རྒྱལ་ཁབ་སྲིད་གཞུང་གིས་རིགས་རྒྱུད་རིང་ལུགས་ལ་རྒོལ་བྱེད་པའི་ཞི་བདེའི་ངོ་རྒོལ་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་གྲོས་ཞིབ་བྱེད་དགོས་པར་མ་ཟད། མུ་མཐུད་དུ་ཧྥོ་ལོ་དབྱེ་ཏིའི་ཤི་རྐྱེན་ལས་བྱུང་བའི་དོན་རྐྱེན་དག་དོ་སྣང་བྱེད་དགོས་པའི་རེ་བ་བཏོན།

  • 顶 0