ཨ་རིའི་བཀག་སྡོམ་རིམ་སྤོར་ལ། པར་རིས་གཅིག་གིས་ཡ་ལན་སྤྲད།

2020-05-22
0

ལུའུ་ཐའུ་གསར་འགྱུར་ཁང་གིས་སྤྱི་ཟླ5པའི་ཚེས15ཉིན་གནས་ཚུལ་སྤེལ་ནས། ཨ་རིའི་ཚོང་དོན་པུས་སླར་ཡང་ཧྭ་ཝེ་ཡི་གནས་སྐབས་ཆོག་འཐུས་སྤྱི་ཟླ8པའི་ཚེས13ཉིན་བར་ནར་འགྱངས་བྱས་ཡོད། འོན་ཀྱང་དེ་དང་ཆབས་ཅིག ཁོ་པ་ཚོས་ཕྱིར་གཏོང་སྒྲིག་སྲོལ་ཞིག་ལ་བསྒྱུར་བཅོས་གཏོང་བ་བརྒྱུད་ཧྭ་ཝེ་ཡི་ཉིང་ལེབ(芯片)མཁོ་སྤྲོད་སྦྲེལ་ཐག་ལ་འགོག་རྐྱེན་བཟོ་རེ་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

སྒྲིག་སྲོལ་རྣམ་གྲངས་དེར་འགྱུར་ལྡོག་བཏང་བར་གཞིགས་ན། མ་གཞི་ཉིང་ལེབ་དེ་ཨ་རིས་ཇུས་འགོད་གསར་སྤེལ་བྱས་པ་མིན་མོད། འོན་ཀྱང་ཕྱི་རྒྱལ་ཁེ་ལས་ཀྱིས་ཨ་རིའི་ཉིང་ལེབ་བཟོ་སྐྲུན་སྒྲིག་ཆས་བེད་སྤྱོད་བཏང་ཚེ་ངེས་པར་དུ་ཨ་རི་སྲིད་གཞུང་གིས་ཆོག་མཆན་སྤྲད་རྗེས། ཧྭ་ཝེ་དང་དེའི་ཞོར་གཏོགས་ཁེ་ལས་གཞན་པར་ད་གཟོད་ཉིང་ལེབ་མཁོ་འདོན་བྱེད་ཆོག་གི་ཡོད། ཧྭ་ཝེ་ལ་མུ་མཐུད་ཉིང་ལེབ་བམ་ཨ་རིའི་མཉེན་ཆས་སམ་ལག་རྩལ་དང་འབྲེལ་བ་ཡོད་པའི་ཇུས་འགོད་རག་དགོས་ཚེ། དེ་དག་ལ་ཡང་ཨ་རིའི་ཆོག་མཆན་འཐོབ་དགོས་ཀྱི་ཡོད།

འདིའི་ཐོག་ནས་ཨ་རིས་ཧྭ་ཝེ་ཡི་འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གཅོད་རྩིས་ཡོད་པ་མཚོན་ཐུབ། དེའི་སྐོར་གྱི་གནས་ཚུལ་སྤེལ་མ་ཐག ཀའོ་ཐུང་དང་། སི་ཁེ། ཀུ་ཤུ། པོ་དབྱིན་སོགས་ཨ་རིའི་ཁེ་ལས་ཀྱི་མ་རྐང་རིན་གོང་ལ་འཕར་ཆག་ཆེན་པོ་བྱུང་བ་དང་། དུས་ཐུང་ཆུ་ཚོད་གཉིས་ཀྱི་ནང་ཀའོ་ཐུང་གི་མ་རྐང་རིན་གོང་བརྒྱ་ཆ7ཆག་ཡོད། དེ་ནི་ཨ་རིའི་ཁེ་ལས་ཀྱི་ཁེ་ཕན་བློས་གཏོང་བྱེད་དགོས་ཀྱང་ཧྭ་ཝེ་ལ་རྡུང་རྡེག་གཏོང་བའི་མངོན་གསུམ་འཛེམ་མེད་ཀྱི་མཚོན་ཚུལ་ཞིག་ཡིན་པ་ཤེས་ཐུབ།

མ་གཞི་ཧྭ་ཝེ་ཡིས་དེར་ཡ་ལན་གནད་ལ་འཕིགས་པ་ཞིག་བརྒྱབ་མེད། འོན་ཀྱང་སྤྱི་ཟླ5པའི་ཚེས16ཉིན། ཧྭ་ཝེ་ཡི་སེམས་གཏམ་གླེང་ཁུལ་ཞེས་པའི་ནང་འགོ་བརྗོད་དུ་གོད་ཆག་ཉམས་ཉེན་མ་བརྒྱུད་ན། རང་ཉིད་སྟོབས་ཆེར་གང་ནས་གྱུར། དཔའ་བོར་གནའ་ནས་དཀའ་སྡུག་སྣ་ཚོགས་འཕྲད་བཞིན་ཡོད་ཅེས་པའི་རྩོམ་ཡིག་གཅིག་པར་རིས་ཞིག་དང་མཉམ་དུ་སྤེལ་ཡོད།

རྩོམ་ཡིག་དེའི་ནང་སྐད་ཆ་དུམ་བུ་གཉིས་རང་ལས་མེད་དེ། ཕྱིར་བལྟས་སློག་ན་ཀྱག་ཀྱོག་གི་ལམ་བུ་དང་། མདུན་དུ་ཕྱོགས་ན་ནམ་ཡང་བློས་གཏོང་མི་སྲིད་ཅེས་པ་དེ་གཉིས་ཡིན་ཞིང་། དེ་དང་མཉམ་དུ་སྤེལ་བའི་པར་རིས་དེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དབྱིའར་རྟགས་ཅན2པའི་ཕར་རྒོལ་གནམ་གྲུ་ཞིག་ལ་མ་གཞི་འབར་མདེལ་གྱིས་ཆ་ཤས་མང་པོར་གཏོར་སྐྱོན་བཏང་རུང་། དེས་སྔར་བཞིན་འཕུར་བསྐྱོད་རྒྱུན་འཁྱོངས་བྱས་ཏེ་མཐར་བདེ་འཇགས་ངང་ཕྱིར་ལོག་ཐུབ་པ་ཞིག་རེད།

ཧྭ་ཝེ་ཡི་སེམས་གཏམ་གླེང་ཁུལ་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ལས་དྲངས།

སྤྱི་ཟླ3པ་ནས། ཨ་རིས་ཧྭ་ཝེ་ཡི་འཛམ་གླིང་ཧྲིལ་པོའི་ཉིང་ལེབ་མཁོ་སྤྲོད་སྦྲེལ་ཐག་གཅོད་རྒྱུའི་རྙོག་གཏམ་གླེང་ཡོད། འོན་ཀྱང་ཁོ་པ་ཚོའི་ད་ཐེངས་ཀྱི་བྱ་སྤྱོད་དེས་ཨ་རིའི་ཁེ་ལས་ལ་ཡང་བརྡབ་གསིག་ཐེབས་ཡོད། ཉོ་ཚོང་ཁྲིམས་རྩོད་པ་ཡ་ཀེ་པུ་སེན་གྱིས། བྱེད་ཐབས་དེས་ཨ་རིའི་ཁེ་ལས་ལ་ཤུགས་རྐྱེན་ཐེབས་ཚད་ཧྭ་ཝེ་ལས་ཆེ་བ་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། སླད་ཕྱིན་ཆད་ཧྭ་ཝེ་ཡིས་སོ་སོ་རང་ཉིད་ཀྱི་མཁོ་སྤྲོད་སྦྲེལ་ཐག་གོང་འཕེལ་གཏང་བ་བརྒྱུད་མཐའ་མཇུག་འཐུས་ཚབ་ཇུས་གཞི་ཞིག་རྙེད་སྲིད་པས་རེད་ཅེས་གསུངས་ཡོད།

སྤྱི་ལོ2019ལོ་ནས་ད་ལྟའི་བར། ཨ་རིས་བྱེད་ཐབས་སྣ་ཚོགས་བཟུང་ནས་ཧྭ་ཝེ་ལ་གནོན་ཤུགས་སྤྲད་ཡོད། འོན་ཀྱང་ཧྭ་ཝེ་ཡི5Gཁྲོམ་རའི་མངགས་ཐོ་སྔར་བཞིན་འཛམ་གླིང་ཧྲིལ་པོའི་ཨང་དང་པོར་གནས་ཡོད། ཉེ་དུས་ཀྱི་སྙན་ཞུ་ཞིག་ལས། ན་ནིང་གི་དངོས་གཟུགས་རྩིས་ཐོའི་རྗེས། ཨ་རིའི་མདུན་གྲལ་དུ་གནས་པའི་གློག་འདྲེན་ཕྱེད་གཟུགས་ཀུང་སིའི་དུས་ཚིགས་རེའི་ཡོང་འབབ་ཀྱི་དཀྱིལ་གྲངས་དེ་བརྒྱ་ཆ4ནས9བར་མི་འདྲ་བ་ཆག་པ་བསྟན་ཡོད།

ལན་ཆ་གསར་གཤོས། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་ཕྱིར་གཏོང་རྩིས་སྤྲོད་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཏོན་པའི་ཐད་འབྲེལ་ཡོད་དྲི་བར་ལན་བསྐྱོན་པ།

གསར་འགོད་པ། ཨ་རིའི་ཚོང་དོན་པུས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ5པའི་ཚེས15ཉིན་ཧྭ་ཝེ་ལ་དམིགས་པའི་ཕྱིར་གཏོང་རྩིས་སྤྲོད་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཏོན་པར་ཀྲུང་གོའི་ཕྱོགས་ནས་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ།

ལན། ཀྲུང་གོ་ཕྱོགས་ནས་ཨ་རིས་ཧྭ་ཝེ་ལ་དམིགས་པའི་ཕྱིར་གཏོང་རྩིས་སྤྲོད་དོ་དམ་གྱི་སྒྲིག་སྲོལ་གསར་པ་ཁྱབ་བསྒྲགས་བྱས་པར་དོ་སྣང་བྱུང་བས། ཀྲུང་གོ་ཕྱོགས་ནས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བ་ཁ་གཡར་སར་བྱས་ཏེ་ཕྱིར་གཏོང་རྩིས་སྤྲོད་དོ་དམ་བྱ་ཐབས་སོགས་གང་བྱུང་བེད་སྤྱོད་བྱས་པ་དེ། རྒྱལ་ཁབ་གཞན་གྱི་དམིགས་བཙུགས་ཁེ་ལས་ལ་རྒྱུན་མཐུད་ངང་བཀག་སྡོམ་བྱས་པ་ཞིག་ཡིན་པས། གང་དེ་ཁྲོམ་རའི་རྩ་དོན་དང་འདྲ་མཉམ་འགྲན་རྩོད་ལ་གཏོར་སྐྱོན་བཏང་བ་ཞིག་རེད་ལ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གཞི་རྩའི་སྒྲིག་སྲོལ་སྣང་མེད་དུ་བཞག་པ་ཞིག་རེད། དེ་བས་འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་པ་ཞིག་ཀྱང་རེད། གང་དེས་ཀྲུང་གོའི་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད་ལ། ཨ་རིའི་ཁེ་ལས་ཀྱི་ཁེ་ཕན་དང་རྒྱལ་ཁབ་གཞན་གྱི་ཁེ་ལས་ཀྱི་ཁེ་ཕན་ལ་ཡང་གནོད་སྐྱོན་བཟོས་ཡོད།

ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཁེ་ལས་ལ་ཡང་དག་པའི་ཉོ་ཚོང་དང་མཉམ་ལས་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱ་ཐབས་གང་ཡོད་བཟུང་ནས། ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།


  • 顶 0