རྒྱ་གར་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཏོན་ནས་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཐབས་སྔར་ལས་ཇེ་རིང་དུ་གཏོང་རྒྱུ་རེད།

2020-05-14
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས12ཉིན་གྱི་དགོང་མོ་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ནས། རྒྱ་གར་གྱིས་རྒྱ་གར་གྱི་སྒོར་མོ་དུང་ཕྱུར་ཁྲི་20འདོན་རྒྱུའི་སྐོར་གྱི། དཔལ་འབྱོར་ཡར་སྐུལ་འཆར་གཞི་རབ་དང་རིམ་པ་བཏོན་པའི་དུས་མཚུངས་སུ། རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཐབས་སླར་ཡང་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

མོ་ཏིས་ཡིས་བསྟན་དོན། རྒྱ་གར་ཀྲུང་དབྱང་སྲིད་གཞུང་གིས་རྒྱ་གར་གྱི་སྒོར་མོ་དུང་ཕྱུར་ཁྲི20བཏོན་ནས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཟོ་མུས་ཡིན་པ་དང་། དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་མ་ལུས་ནོར་སྲིད་པུའུ་ཡིས་འགན་གཅིག་ལྕོགས་སུ་འཁུར་རྒྱུ་ཡིན་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་གྱིས་ཟླ་3པའི་ཚེས་26ཉིན་ཁྱབ་བསྒྲགས་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.7ཟིན་པའི་རོགས་སྐྱོབ་འཆར་གཞི་དེ་མིག་སྔར་ལག་བསྟར་བྱེད་བཞིན་ཡོད་པ་རེད། མོ་ཏིས་ཡིས་ད་ཐེངས་ཁྱབ་བསྒྲགས་བྱས་པའི་རྒྱ་གར་གྱི་སྒོར་མོ་དུང་ཕྱུར་ཁྲི་20ཡི་འཆར་གཞིའི་ནང་རྒྱ་གར་གྱི་སྒོར་མོ་དུང་ཕྱུར་ཁྲི་1.7ཚུད་ཡོད་པ་རེད།

རིམས་ནད་མཆེད་རྒྱུ་སྔོན་འགོག་བྱ་ཆེད། རྒྱ་གར་གྱིས་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་ལག་ལེན་དུ་བསྟར་ནས། དུས་ཡུན་ཉིན50ཙམ་སོང་བ་དེས་དཔལ་འབྱོར་ལ་ཉམས་ཉེན་ཚབས་ཆེན་བཟོས་ཡོད། རྒྱལ་སྤྱིའི་སྒྲིག་གཞིས་རྒྱ་གར་གྱི་ད་ལོའི་ནོར་སྲིད་དཔལ་འབྱོར་ལ་འཕར་སྣོན་ཧ་ལམ་མེད་པར་མ་ཟད། བདག་དབང་གི་རིམ་པའང་ཇེ་དམའ་རུ་འགྲོ་བའི་ཉེན་ཁར་འཕྲད་ཡོད་ཟེར།

མོ་ཏིས་ཡིས་གསུང་བཤད་གནང་སྐབས། རྒྱ་གར་གྱིས་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཐབས་མུ་མཐུད་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། ཞིབ་ཕྲའི་བླང་བྱ་དང་བྱེད་ཕྱོགས་ཅི་ཡོད་ཟླ་5ཚེས་18ཉིན་གྱི་གོང་དུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་འདུག

རྒྱ་གར་གྱིས་ཟླ་3ཚེས་25ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱ་ཐབས་ལག་ལེན་དུ་བསྟར་བ་དང་འབྲེལ་ཏེ། བཀག་སྡོམ་བྱེད་ཡུན་ཕྱིར་འགྱངས་སྔ་ཕྱི་ཐེངས་གཉིས་བྱས་པ་བརྒྱུད། མིག་སྔའི་དུས་བཀག་གི་ཚད་ནི་ཟླ་5ཚེས་17ཉིན་བར་ཡིན་པ་རེད། །


  • 顶 0