རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2021ལོའི“པར་མ་གསར་པའི”འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ཀྲུང་གོར་གཉེར་རྒྱུ་ཁྱབ་བསྒྲགས་བྱས།

2019-10-25
0

༄༅༎རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2021ལོའི“པར་མ་གསར་པའི”འཛམ་གླིང་
སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ཀྲུང་གོར་གཉེར་རྒྱུ་ཁྱབ་བསྒྲགས་བྱས་པ།

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚེས་24ཉིན་ཧྲང་ཧའེ་རུ་མཇུག་འགྲིལ་བ་དང་། ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནུའོ་ཡིས་2021ལོའི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ཀྲུང་གོར་གཉེར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
     དེ་གོང་གི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ལོ་ལྟར་གྱི་ལོ་མཇུག་ཏུ་སྤེལ་བ་དང་། གླིང་ཆེན་ཁག་གི་ཨང་དང་པོ་ཐོབ་མཁན་སྤྲོ་སྐྱིད་ཁང་ཚུད་པའི་སྤོ་ལོའི་རུ་ཁག་7ཞུགས་ཀྱི་ཡོད་པ་རེད། 2022ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་མཁན་རྒྱལ་ཁབ་ཡིན་པའི་ངོས་ནས་ཁ་ཐར་གྱིས་2019ལོ་དང་2020ལོའི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་གཉེར་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ལུགས་སྒྱུར་རྗེས་ཀྱི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ལོ་བཞི་རེར་ཐེངས་རེ་གཉེར་རྒྱུ་དང་། ཞིབ་ཕྲའི་འགྲན་བསྡུར་ལམ་ལུགས་ཐད་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་བཞིན་གླིང་ཆེན་ཁག་གི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་དང་གྲོས་བསྡུར་བྱེད་དགོས་པ་དང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་འགྲན་བསྡུར་གཞན་ཞིག་ཡིན་པའི་མཉམ་འབྲེལ་ལྷན་ཚོགས་བུམ་པའི་འགྲན་བསྡུར་གཉེར་རྒྱུ་མིན་པ་རེད། “པར་མ་གསར་པའི”འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་2021ལོའི་ཟླ་6པ་ནས་ཟླ་7པའི་བར་ཀྲུང་གོར་གཉེར་རྒྱུ་ཡིན་ལ། ཁྱོན་རྐང་རྩེད་སྤོ་ལོའི་རུ་ཁག་24འགྲན་བསྡུར་ནང་ཞུགས་རྒྱུ་རེད། འཛམ་གླིང་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སོགས་ཀྱིས་གཙོ་གཉེར་གྲོང་ཁྱེར་ཐུན་མོང་ཐོག་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།
     དབྱིན་ཧྥན་ཏི་ནུའོ་ཡིས“རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ནང་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་གསར་པ་གཉེར་རྒྱུའི་གཏན་འཁེལ་བྱས་རྗེས་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་དུ་དེ་གཉེར་རྒྱུའི་སྤྲོ་སེམས་མཚོན་པར་བྱས་ཡོད། ཀྲུང་གོའི་ས་ཁོངས་རྒྱ་ཆེ་ཞིང་མི་འབོར་མང་བ་དང་། རྐང་རྩེད་སྤོ་ལོ་ནི་འདིའི་ལུས་རྩལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ང་ཚོས་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ངོས་ནས་མཚོན་ན་ཀྲུང་གོར་མདུན་ལམ་ཆེན་པོ་ཡོད་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ང་ཚོས་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས། ཀྲུང་གོའི་གྲོང་ཁྱེར་ཁག་གི་སྤོ་ལོ་རྒྱག་ས་དང་། རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ་སོགས་ཀྱི་ཐད་རྟོག་ཞིབ་བྱས་པ་དང་འབྲེལ། མཐར་གཙོ་གཉེར་གྲོང་ཁྱེར་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དེ་དང་ཆབས་ཅིག་དབྱིན་ཧྥན་ཏི་ནུའོ་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་འགྲན་བསྡུར་ཁྲོད་ནས་ཐོབ་པའི་ཡོང་འབབ་ཚང་མ་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ཁྲོད་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
     འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པ་ཕུད་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ད་དུང་གཏན་འབེབས་མང་པོ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2019ལོ་ནས་2023ལོ་བར་གྱི་བུད་མེད་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུར་ཨ་སྒོར་དུང་ཕྱུར་10གཏོང་རྒྱུ་ཁས་ལེན་བྱས་པ་རེད། གཞན་ཡང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་2030ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གཉེར་རྒྱུའི་རེ་ཞུའི་དུས་ཚོད་རེའུ་མིག་ཡོངས་བསྒྲགས་བྱས་པ་དང་དབྱིན་ཧྥན་ཏི་ནུའོ་ཡིས་2030ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གཉེར་རྒྱུའི་རེ་ཞུའི་ལས་དོན་དེ་2022ལོའི་དུས་ཚིགས་གཉིས་པར་དངོས་སུ་སྤེལ་འགོ་ཚུགས་རྒྱུ་དང་མཐའ་འབྲས་དེ་2024ལོར་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • 顶 0