སྨན་པའི་ལས་ལ་དགའ་བའི་འབྲུག་ཡུལ་གྱི་དབུ་བཞུཊ་བློན་ཆེན།

2019-06-05
0

   གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན། འབྲུག་ཡུལ་གྱི་རྒྱལ་ས་ཐེམ་ཕུའི་རྒྱལ་ཁབ་སྤོ་སྒྱུར་སྨན་ཁང་དུ་དུས་རྒྱུན་སྨན་པ་དམིགས་བསལ་བ་ཞིག་ཕེབས་ནས་བྲེལ་འཚུབ་ངང་མི་སེར་ལ་ནད་བཅོས་གནང་བཞིན་ཡོད། སྨན་པ་དེ་ནི་འབྲུག་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་བློ་གྲོས་ཚེ་རིང་ (Lotay Tshering)ལགས་ཡིན་པ་དང་། ཁོང་གིས་གཟའ་སྤེན་པའི་ཉིན་སྨན་པ་བྱེད་དོན་ནི་ལས་ཀའི་གནོན་ཤུགས་ཆུང་དུ་གཏོང་ཆེད་ཡིན་ཞེས་དང་། སྲིད་དོན་གཉེར་བ་དང་སྨན་པ་བྱེད་པར་འདྲ་མཚུངས་ཀྱི་ཆ་ཞིག་ལྡན་པ་སྟེ། སྨན་པ་བྱེད་སྐབས་ངས་ནད་པའི་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད་ལ། དབུ་བཞུགས་བློན་ཆེན་བྱེད་སྐབས་སྲིད་ཇུས་ལ་སྐྱོན་ཡོད་མེད་ལ་བརྟག་དཔྱད་དང་། དེ་ཇི་ལྟར་བྱས་ནས་ལེགས་སུ་གཏོང་རྒྱུར་བསམ་གཞིགས་བྱེད་དགོས་ཞེས་གསུངས་འདུག

  

 དབུ་བཞུགས་བློན་ཆེན་ཁོང་ཆུང་དུས་ནས་སློབ་སྦྱོང་ལ་དགའ་ཞིང་སྦྱངས་འབྲས་ཕུལ་དུ་བྱུང་བས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་མྱོང་བ་དང་། ཁོང་གིས་བྷང་ག་ལའི་ཏ་ཁ་སློབ་ཆེན་དུ་ནད་ཐོག་གསོ་རིག་ཤེས་རམས་པའི་སློབ་གནས་བླངས་པ་དང་། ཨ་རི་ལས་ཀྱང་སློབ་སྦྱོང་གནང་བ་མ་ཟད། ད་དུང་ཨོ་སི་ཁྲུ་ལི་ཡའི་ཁན་པེ་ར་སློབ་ཆེན་ལས་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་བླངས་ཡོད། 


   

   སློབ་སྦྱོང་མཇུག་སྒྲིལ་རྗེས་ཁོང་གིས་ཐེམ་ཕུའི་གཞུང་བཙུགས་སྨན་ཁང་ཞིག་ཏུ་ཕྱག་ལས་གནང་ཞོར། རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི་བདེ་ཐང་རིགས་ཀྱི་ལེ་ཚན་གྱིས་གདན་ཞུ་བྱས་འོག་འབྲུག་ཡུལ་གྱི་མང་ཚོགས་ལ་བདེ་ཐང་ཤེས་བྱ་ཁྱབ་གདལ་གནང་། 2015ལོར་བལ་ཡུལ་དུ་ས་ཡོམ་ཆེན་པོ་བརྒྱབ་སྐབས་བལ་ཡུལ་ཕྱིན་ནས་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་རུ་དཔོན་བྱེད་མྱོང་ཡོད། 


   

    2013ལོར་ཁོང་གིས་འབྲུག་ཡུལ་གོང་མའི་སྨན་བཅོས་ཚོགས་ཆུང་གི་ཚོགས་གཙོ་གནང་བ་དང་། ཁོང་གི་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན། 2017ལོར་འབྲུག་རྒྱལ་པོས་ཁོང་ལ་འབྲུག་ཡུལ་གྱི་ཕ་བཟང་བུ་ཕྲུག་ཅེས་པའི་བྱ་དགའ་གནང་། གོང་མའི་སྨན་བཅོས་ཚོགས་ཆུང་གི་ལས་གནས་དེ་ལས་ལས་རིགས་མི་འདྲ་བའི་མི་སྣ་དང་འབྲེལ་འདྲིས་བྱུང་ཞིང་། མཐར་སྲིད་དོན་གཉེར་བའི་ལས་ཞུགས་པ་དང་། 2018ལོར་དབུ་བཞུགས་བློན་ཆེན་དུ་བདམས་ཐོན་བྱུང་ཞིང་། ལོ་དེའི་ཟླ་11ཚེས་1ཉིན། འབྲུག་ཡུལ་གྱི་རྒྱལ་ས་ཐེམ་ཕུ་རུ་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་རྒྱུའི་དམ་བཅའ་བཞག་ནས་དུས་ཡུན་ལོ་ལྔའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་འགོ་ཚུགས།


  • 顶 0