ཚོང་ལས་པུའུ་ཡིས་གལ་ཏེ་ཨ་རིས་མུ་མཐུད་ནས་གྲོས་མོལ་བྱ་དགོས་ཟེར་ན་ངེས་པར་དུ་ལྷག་བསམ་རྣམ་དག་ཡིན་དགོས་ཤིང་། ནོར་འཁྲུལ་གྱི་བྱ་ཐབས་ཡོ་བསྲང་བྱ་དགོས་ཟེར།

2019-05-24
0

༄༅།།ཚོང་ལས་པུའུ་ཡིས་གལ་ཏེ་ཨ་རིས་མུ་མཐུད་ནས་གྲོས་མོལ་བྱ་དགོས་ཟེར་ན་ངེས་པར་དུ་
ལྷག་བསམ་རྣམ་དག་ཡིན་དགོས་ཤིང་། ནོར་འཁྲུལ་གྱི་བྱ་ཐབས་ཡོ་བསྲང་བྱ་དགོས་ཟེར།

 ཟླ་5ཚེས་23ཉིན། ཀྲུང་གོ་དང་ཨ་རི་བར་ཉེ་ཆར་གྲོས་མོལ་བྱ་འཆར་ཡོད་མེད་སྐོར་གསར་འགོད་པས་དྲི་བ་བཏོན་པ་ལ། ཚོང་ལས་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས། ཀྲུང་གོ་ཕྱོགས་ཀྱི་གྲོས་མོལ་གྱི་ལང་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཏེ། གལ་ཏེ་ཨ་རི་ཕྱོགས་ཀྱིས་མུ་མཐུད་གྲོས་མོལ་བྱ་དགོས་ཟེར་ན། ངེས་པར་དུ་ལྷག་བསམ་རྣམ་དག་ཡིན་དགོས་ཤིང་། ནོར་འཁྲུལ་གྱི་བྱ་ཐབས་ཡོ་བསྲང་བྱ་དགོས་ཞེས་བསྟན། 
    ཀའོ་ཧྥེང་གིས་ཚོང་ལས་པུའུ་ཡིས་ཉིན་དེར་འཚོགས་པའི་རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་གོང་དུ་བཤད་པ་དེ་བསྟན་པ་རེད། ཉེ་ཆར། ཨ་རི་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་སྒོ་ཁྲལ་ཇེ་མཐོར་བཏང་བ་དང་། ཧྭ་ཝེ་སོགས་ཀྲུང་གོའི་མཐོ་རིམ་ཚན་རྩལ་ཁེ་ལས་ལ་ཕྱིར་གཏོང་དོ་དམ་ལམ་ལུགས་ལག་བསྟར་བྱས་ཤིང་གནོན་ཤུགས་སྤྲད་པ་རེད། ཀའོ་ཧྥེང་གིས།  ཉེ་ཆར། ཨ་རི་ཕྱོགས་གཅིག་ནས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཇེ་ཆེར་བཏང་ཞིང་། བྱ་སྤྱོད་འདྲ་མིན་རྒྱུན་མི་ཆད་པས། ཀྲུང་གོ་དང་ཨ་རི་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་འགལ་རྐྱེན་བཟོས་པ་རེད་ཅེས་བཤད།     “ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་རྨང་གཞི་བྱས་ཚེ། གཞི་ནས་མུ་མཐུད་དུ་གྲོས་མོལ་བྱ་ཐུབ”ཅེས་དང་། མཉམ་ལས་ལ་རྩ་དོན་ཡོད་ལ། གྲོས་མོལ་ལ་མཐའ་ཚད་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཞི་རྩའི་གནད་དོན་གལ་ཆེན་ཐད་ནས་ཟུར་བཤོལ་བྱ་རྒྱུ་མིན་ཞེས་བཤད། 
     ཀའོ་ཧྥེང་གིས་ད་དུང་། ཉེ་ཆར་ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པས་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཇེ་ཆེར་བཏང་ཡོད། དེས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད་པ་མ་ཟད། ད་དུང་གོ་ལ་ཧྲིལ་བོའི་དཔལ་འབྱོར་ཐོན་སྐྱེད་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད།
      ཉེ་ཆར། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(OECD)ཀྱིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་བཅག་པ་དང་། ཉོ་ཚོང་ཛ་དྲག་གི་གནས་བབས་ཀྱིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་བཟོས་པ་ངོས་བཟུང་བ་མ་ཟད། མ་འཇོག་དང་འཕར་ཚད་ལ་མུ་མཐུད་འཇིགས་སྐུལ་ཐེབས་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདིའི་ཐད་ལ་སེམས་ཁུར་བྱེད་བཞིན་ཡོད།

  • 顶 0