ཕྱི་འབྲེལ་པུས་ཀྲུང་ཨའི་ཚོང་དོན་རྩོད་གཞིའི་གནད་དོན་ལ་ལན་བརྒྱབ་པ།

2019-05-22
0

ཕྱི་འབྲེལ་པུས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་ཀྲུང་ཨའི་ཚོང་དོན་རྩོད་གཞི་སོགས་ཀྱི་གནད་དོན་ལ་ལན་བརྒྱབ་པ།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྲིད་གཞུང་གི་བཀག་རྒྱ་འོག་ཀུའུ་ཀོ་ཀུང་སིས་ཧྭ་ཝེ་དང་ལས་སྒོའི་འགྲོ་འོང་བྱེད་མཚམས་བཞག སྤྱི་ཚེས20ཉིན་གྱི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་སྟེང་མགྲིན་ཚབ་པ་ལུའུ་ཁང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཀུའུ་ཀོ་ཀུང་སིས་ཧྭ་ཝེ་ཀུང་སིར་ནང་ཆས་དང་སྲ་ཆས་བརྒྱུད་ཤུགས་གཏོང་བའི་ལས་སྒོ་གནས་སྐབས་མཚམས་འཇོག་བྱས་པ་དང་འབྲེལ་ཧྭ་ཝེ་ལ་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱེད་མཚམས་འཇོག་རྒྱུའི་བཤད་ཚུལ་ལ་དོ་སྣང་བྱུང་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་ངེས་ཤེས་གསལ་བོ་ལེན་རྒྱུ་ཡིན་པར་མ་ཟད། གནས་ཚུལ་གྱི་འཕེལ་རིམ་ལ་སྔར་བས་དོ་ཁུར་ཧུར་ཐག་བྱེད་ངེས། ཀྲུང་གོའི་ཁེ་ལས་ཀྱིས་བཅའ་ཁྲིམས་ཀྱི་ལམ་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ།

ཡོ་རོབ་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ཧྭ་ཝེ་ལ་སྐྱོན་ཆ་མི་འདུག འོན་ཀྱང་ཨ་རིའི་སི་ཁོ་སྒྲིག་ཆས་ལ་རྟག་ཏུ་བདེ་འཇགས་ཀྱི་ཞན་ཆ་ཡོད་པ་ཤེས་རྟོགས་བྱུང་བའི་སྐོར་གྱི་དྲི་བར་ལན་བསྐྱོན་སྐབས། ལུའུ་ཁང་གིས་ཨ་རིས་རང་བསམ་གཞན་དཔག་གིས་ཚུལ་མིན་འགྲན་རྩོད་ཀྱི་ཁེ་དབང་རག་ཆེད་རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་དཀྲོག་གཏམ་དང་སྐྱོན་འཛུགས་བྱེད་བཞིན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་བདེན་དཔང་ཅི་ཡང་འདོན་ཐུབ་ཀྱི་མེད། ཡོ་རོབ་ཕྱོགས་ཀྱི་གོང་གསལ་གྱི་བརྟག་དཔྱད་བསྡོམས་ཚིག་ལས་ཧྭ་ཝེ་ལ་སྐྱོན་མེད་དྭངས་གཙང་ཡིན་པ་ར་སྤྲོད་བྱས་ཡོད། ཨ་རིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྤྱད་དེ་རྒྱལ་ཁབ་གཞན་དག་གི་ཁེ་ལས་ལ་ཚུལ་མིན་རྡུང་རྡེག་གཏོང་བའང་དམར་རྗེན་དུ་མངོན་ཡོད་ཅེས་བསྟན།

ཉིན་ཤས་གོང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་སྔར་ཡོད་ཀྱི་གྲོས་མཐུན་ལ་གཏོར་བཤིག་བཏང་སོང་ཞེས་པའི་ཐད་ལ་ལུའུ་ཁང་གིས། ཨ་རི་ཕྱོགས་ལ་རང་ཉིད་ཀྱི་ཧམ་འདོད་ཆེ་བའི་༼གྲོས་མཐུན༽ཟེར་བ་ཞིག་ཡོད་སྲིད་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱིས་མོས་མཐུན་བྱས་པའི་གྲོས་མཐུན་ཞིག་གཏན་ནས་མིན་ཞེས་བཤད་པ་རེད། ཀྲུང་ཨའི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་རེས་སྐོར་བཅུ་གཅིག་ལ་གྲོས་མཐུན་མ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ནི་ཨ་རི་ཕྱོགས་ཀྱིས་མཐར་ཐུག་གི་གནོན་ཤུགས་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཁེ་ཕན་དོན་གཉེར་བྱེད་རྩིས་ཡོད་པས་ཡིན། འདི་དང་ཐོག་མགོ་བརྩམས་མ་ཐག་ནས་འགྲུབ་ཐབས་མེད་པ་ཞིག་ཡིན། འཇིགས་སྐུལ་བཏང་རུང་འབྲས་བུ་མ་ཐོན་པར་ཨ་རིའི་རྒྱལ་ཕྱི་རྒྱལ་ནང་དུ་རྒྱ་ཁྱབ་དོགས་འདྲི་བྱེད་པ་དང་ཁྲོམ་ར་ཟང་ཟིང་དུ་གྱུར་པའི་གནས་ཚུལ་འོག ཨ་རི་ཕྱོགས་ཀྱིས་བདེན་རྫུན་མཉམ་བསྲེས་ཀྱིས་མཐོང་ཐོས་འཁྲུག་བཟོ་དང་འགན་འཁྲི་གཞན་འགེལ་བྱེད་པ་ནི་ངལ་བ་འབྲས་མེད་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདས་ཟིན་པའི་རེས་སྐོར་བཅུ་གཅིག་པའི་གྲོས་མོལ་ཁྲོད་མངོན་པའི་ལྷག་བསམ་དང་དགེ་མཚན་ལྡན་པའི་རྣམ་འགྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ངས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་དེ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ཀུན་ཕན་གྱི་ཡང་དག་པའི་ལམ་བུའི་ཐོག་མདུན་དུ་བསྐྱོད་དགོས་ཞེས་བསྐྱར་བསྒྲགས་བྱེད་འདོད་ཡོད། དེ་ལྟར་ན་གཞི་ནས་གྲུབ་འབྲས་ཐོབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

  • 顶 0