2021ལོར་བོད་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1200ལྷག་སྣེ་ལེན་ཞུས།

2022-04-30
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི1200ལྷག་སྣེ་ལེན་ཞུས་ཡོད།

2021ལོར། “བོད་ལྗོངས་མི་བོད་ལྗོངས་སུ་ཡུལ་སྐོར་དུ་སྐྱོད་པ”སོགས་བྱ་འགུལ་ལག་བསྟར་བྱས་པ་བརྒྱུད། ལོ་ཧྲིལ་པོར་གྲོབ་གསེབ་ཡུལ་སྐོར་གྱིས་བསྡོམས་པས་མི་ཐེངས་ཁྲི1274.11སྣེ་ལེན་ཞུས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར15.87མངོན་འགྱུར་བྱུང་བ་མ་ཟད། ཐད་ཀར་རམ་ཡང་ན་བར་བརྒྱུད་ཀྱིས་མི་ཐེངས64521ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས།

2021ལོར་བོད་ལྗོངས་ཀྱིས་ཡུལ་སྐོར་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་དམིགས་ནས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི50650དོན་འཁྱོལ་བྱས་པ་དང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད39འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། རིག་གནས་སྲུང་སྐྱོང་གི་ལས་གཞིའི་རྣམ་གྲངས་གལ་ཆེན་དང་། ཞན་ཆ་གསབ་པའི་འཛུགས་སྐྲུན་རྣམ་གྲངས། མཐའ་མཚམས་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་གྱི་རྣམ་གྲངས་བཅས་སྐོར་གཅིག་ལག་བསྟར་བྱས་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱིས་ལོ་ཧྲིལ་པོར་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4153.44སྣེ་ལེན་ཞུས་པ་དེ་དུས་མཉམ་ལས18.5%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར441.90ཟིན་པ་དེ་དུས་མཉམ་ལས20.6%འཕར་ཡོད། །


  • 顶 0